ཕག་གྲུ་རབ་ཏུ་བྱུང་ས།

བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཆུ་མགོ་འགྲོ་མགོན་ཕག་གྲུ་རྡོ་རྗེ་རྒྱལ་པོ་མཆོག་རབ་ཏུ་བྱུང་སའི་ཁམས་ཀྱི་རྨེ་མདོ་བྱ་ཁྱི་ལྷ་ཁང་།

སྲས་མཁར་དགུ་ཐོག

རྒྱ་གར་གྱི་ ༧ པཎ་ཆེན་ནཱ་རོ་པའི་ཞལ་སྔ་ནས། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བ། །ཐོས་པ་དགའ་ཞེས་བྱ་བ་ཡི་། །སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། ཞེས་བསྟོད་ཕྱག་མཛད་པའི་ཡུལ་དམ་པར་གྱུར་བ་བྱང་ཕྱོགས་ཁ་བ་གངས་ཅན་ལྗོངས་ཀྱི་རྣལ་འབྱོར་པ་ཡོངས་ཀྱི་རྒྱལ་པོ་གྲུབ་པའི་གཙུག་བརྒྱན་ ༧ རྗེ་བཙུན་མི་ལ་རས་པ་ཞེས་འཛམ་གླིང་གོ་ལའི་སྟེང་ན་ནང་པ་ཡིན་མིན་ལ་མ་ལྟོས་པར་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་སྐྱེས་བུ་ཆེན་པོའི་ཆེན་པོར་གོ་འཕང་གཤེགས་པའི་སྐྱེས་བུ་མཆོག་ཏུ་གྱུར་པ་འདི་ཉིད་ནི། ཕྱི་ལོ་ ༡༠༤༠ སྐུ་འཁྲུངས་ ཕྱི་ལོ་ ༡༡༢༣ སྐུ་གཤེགས་པ་ཡིན་ཅིང་། སྐབས་འདིར་ ༧ རྗེ་མི་ལ་རས་པའི་སྒྲུབ་གནས་གཙོ་བོ་ནི། ༧ རྗེ་བླ་མ་སྒྲ་བསྒྱུར་གྱི་རྒྱལ་པོ་མངའ་བདག་མར་པ་ལོ་ཙཱ་བ་ཆེན་པོའི་བཀའ་བཞིན་སྒྲུབ་པའི་གནས་མཆོག་ ༧ རྗེ་མི་ལ་སྲས་མཁར་དགུ་ཐོག་ཞེས་སྙན་པར་གྲགས་པ་འདི་ཉིད་གཙོ་པོ་དང་འབྲེལ་བའི་སྒྲུབ་གནས་ཆ་ཤས་ཀྱི་པར་རིས་ལག་ཐོག་ཏུ་འབྱོར་བ་རྣམས་ཕྱོགས་བསྡུས་ཞུས་པ་ཡིན་ཅིང་། སྤྱིར་ ༧ རྗེ་མི་ལ་རས་པའི་སྒྲུབ་གནས་ནི། གཡའ་ཁྲོད་གངས་ཁྲོད་རྫ་རི་ལ་སོགས་པར་གནས་ངེས་མེད་དབེན་པའི་རི་ཁྲོད་རྣམས་སུ་གྲངས་མེད་པ་བཞུགས་པ་རྣམས་ཆ་ཚང་བ་ཞིག་འདི་ནང་འཁོད་ཐུབ་མེད་པས་རྗེས་སོར་རིམ་བཞིན་ཐབས་ཤེས་འབད་བརྩོན་ཞུ་རྒྱུ་ཡིན།

སྲས་མཁར་དགུ་ཐོག་ནི། རྗེ་བཙུན་མི་ལ་རས་པས་མར་པ་ལོ་ཙཱ་བའི་བཀའ་བཞིན་དུ་སྡིག་སྒྲིབ་སྦྱོང་ཆེད་རབ་བྱུང་དང་པོའི་མེ་སྦྲུལ་ཕྱི་ལོ་༡༠༧༧ ལོར་ཕྱག་བཏབ་པའི་དགོན་པའམ་ལྷ་ཁང་ཤིན་ཏུ་སྙན་གྲགས་ཆེ་ཞིང་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་གོ། ཕྱག་འདེབས་པོ་ནི། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་སྟེ། གུང་ཐང་སྨད་ཀྱི་ལུང་ཕྲན་ཀོ་རོན་དེའི་རྩ་བྱ་བར། ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་། ཡུམ་མྱང་ཚ་དཀར་རྒྱན་གྱི་སྲས་སུ་རབ་བྱུང་དང་པོའི་ལྕགས་འབྲུག་ ༡༠༤༠ ལོར་འཁྲུངས། རྗེས་ནས་ལྕམ་པེ་ཏ་སྐྱེས་ཏེ། ཡབ་འདས། ནོར་རྫས་ཐམས་ཅད་ཨ་ཁུ་དང་ཨ་ནེས་ཕྲོགས། མ་སྨད་རྣམས་ཤིན་ཏུ་མནར། ལོ་བཅུ་དྲུག་ལ་ཀློག་བསླབས། ལོ་བཅོ་བརྒྱད་ལ་མའི་ངག་བཞིན། མཐུ་སློབ་པར་དབུས་སུ་བྱོན་ནས། གཡུང་སྟོན་ཁྲོ་རྒྱལ་དང་། ལྷ་རྗེ་གནུབས་ཆུང་གཉིས་ལས་མཐུ་བསླབས་ཤིང་། མཐུས་དགྲ་རྣམས་ཁ་ཕུང་ལ་བཏང་། ཕོ་མོ་སུམ་ཅུ་རྩ་ལྔ་ཙམ་བསད། སེར་བས་རང་ཡུལ་མྱ་ངམ་ལ་བསྒྱུར་བ་སོགས་ཀྱིས་སྡིག་པར་ཤིན་ཏུ་འཇིགས་ནས་ཆོས་ལ་བྱོན། སྒྱེར་སྟོན་དབང་ངེ་བྱ་བ་སོགས་སྔགས་རྙིང་མའི་བླ་མ་བཅུ་ཙམ་ལ་ཡོངས་དྲིལ་ལོ་བཅོ་ལྔ་ཙམ་བསྟེན། སྦྱངས་པ་ཤིན་ཏུ་ཆེ། བསྐྱེད་རིམ་ལ་ནུས་པ་ཐོན་ཀྱང་ཐུགས་མ་ཚིམས་ནས་རྗེ་མར་པའི་དྲུང་དུ་བྱོན། རྗེ་མར་པ་དགུང་ལོ་བདུན་ཅུ་དང་། མི་ལ་ཞེ་གཉིས་ཙམ་ཡིན་པར་གསུངས། གདམས་ངག་ཞུས་ནས་རྗེས་སུ་བཟུང་ནས་དབང་རྒྱུད་མན་ངག་ཐམས་ཅད་དང་སྙན་བརྒྱུད་ཆིག་བརྒྱུད་མ་བཅས་གནང་སྟེ། གདམས་ངག་རྣམས་ལ་ལྷག་ལུས་ཡོད་རེ་ཞེས། མཁའ་འགྲོ་དཔང་དུ་བཙུགས་ནས་དབུ་སྙུང་བཞེས། དེར་ལོ་དྲུག་དང་ཟླ་ངོ་བརྒྱད་ཙམ་བཞུགས་ནས་ཕ་ཡུལ་དུ་བྱོན་པས། མ་ཤི། སྲིང་མོ་འཁྱར་བ་སོགས། མི་རྟག་སྒྱུ་མའི་རང་མཚང་གཟིགས་པས། ཤིན་ཏུ་སྐྱོ་ནས་ཐོག་མར་རྐང་ཚུགས་ཕུག་དང་། བྲག་དཀར་རྟ་སོ་སོགས་རྫོང་དྲུག་དང་། གནས་ཆེན་དབེན་རི་རྣམས་སུ་ཕལ་ཆེར་ཟྭ་ཙམ་ལས་མེད་པའི་བཀའ་སྤྱད་དྲག་པོས། མར་པའི་གདམས་ངག་རྣམས་བསྒོམས་པར་མཛད་པས། སྐུའི་རྩ་མདུད་ཐམས་ཅད་གྲོལ་ཞིང། ཁམས་ཀྱི་འགྲོས་བཞི་མཐར་སོན་ཏེ། མངོན་པར་སངས་རྒྱས་པས། མངོན་ཤེས་དང་རྫུ་འཕྲུལ་སྟོན་པ་ལ་བོད་ཀྱི་ཆོས་མཛད་གཞན་མ་བྱུང་ཞེས་གྲགས་ལ། མི་དང་མི་མིན་ཀུན་ལ་རྡོ་རྗེའི་མགུར་བཞེངས་པས་ཐོས་གྲོལ་ལ་འགྲོ་ཐུབ་པ་དང་། ཁྱད་པར་ཚེ་རིང་མས། བར་དོ་འཕྲང་སྒྲོལ་གྱི་གདམས་པ་ཞུས་ཤིང་། ལས་ཀྱི་ཕྱག་རྒྱར་མཛད་ནས། མཐར་དགུང་ལོ་གྱ་བཞི་པ་ཆུ་མོ་ཡོས་བུ་ ༡༡༢༣ ལོའི་རྟ་ཟླའི་ཚེས་བཅུ་བཞིར། ངོ་མཚར་བའི་ལྟས་དང་བཅས་མྱ་ངན་ལས་འདས་སོ། །དེ་ལ་སློབ་མ་ཉི་ཟླ་ལྟ་བུ་ཟུང་གཅིག གྲུབ་ཐོབ་ཉེར་ལྔ། རྟོགས་ལྡན་བརྒྱ། ཕྱིར་མི་ལྡོག་པ་སྟོང་སོགས་བྱུང་བའི་ནང་ནས། རས་ཆུང་པ་དང་ཞི་བ་འོད་གཉིས། སྐུ་མ་སྤ༷ངས་པར་མཁའ་སྤྱོད་དུ་བྱོན། ཁྱི་ར་རས་པ། རས་ཆུང་མ། ལྕམ་པེ་ཏ་སོགས། རས་མ་བཞི་ཙམ་གྱིས་ཀྱང་མཁའ་སྤྱོད་གྲུབ་པར་བཤད་དོ། །

སྔོན་གྱི་སྲས་མཁར་དགུ་ཐོག་དགོན།
རྗེ་མི་ལ་ཡབ་ཀྱི་ཡབ་མི་ལ་མདོ་སྡེའི་ཁང་པ།
རྗེ་མི་ལའི་ཡབ་ཤེས་རབ་རྒྱལ་མཚན་གྱི་ཡབ་གཞིས་ངམ་རིང་སྤྱིའི་གྲང་རྡོ་བེ།

གཡུང་འོག་མིན་དར་རྒྱས་གླིང་།

བོད་ལྗོངས་གཞིས་ཀ་རྩེ། རིན་སྤུངས་རྫོང་། བདེ་སྐྱིད་གླིང་ཡུལ་ཚོ། གཡུང་དར་རྒྱས་གྲོང་ཚོར་གནས་པའི་དགོན་ཤུལ་འདི་ནི། དཔལ་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས། ལྕགས་ཡོས་སྤྱི་ལོ་(༡༥༩༡)ལོའི་ཟླ་བ་དྲུག་པའི་ནང་གཙང་རིན་སྤུངས་ཀྱི་ས་ཁུངས་གཡུང་གི་ལུང་པར་མི་སྣ་མངག་གཏོང་གནང་ནས། འོག་མིན་གླིང་གི་ཆོས་སྡེ་གསར་དུ་ཕྱབ་བཏབ་སྟེ། དེ་སྔོན་སྒར་ཆེན་གྱི་ཁོངས་གཏོགས་སྐུ་གཞོགས་འོག་མིན་གླིང་གི་གྲྭ་ཚང་དེར་གནས་སྤོས་ཏེ། དེ་ཕྱིན་ཀཾ་ཚང་གི་འཆད་ཉན་གནང་སའི་ཆོས་གྲྭ་ཞིག་ཏུ་གྱུར། འོན་ཀྱང་དུས་རབས་བཅུ་བདུན་པའི་སྨད་ནས་སྲིད་འགྱུར་དབང་གིས་དགོན་པའི་གཙུག་ལག་ཁང་གཞིས་ཀར་བསྒྱུར་བ་ཡུལ་མིའི་ངག་རྒྱུན་ལས་ཤེས་ཐུབ། འདིའི་སྐོར་ལོ་རྒྱུས་རྣམས་ལས་གསལ་བས་དཔྱད་བརྗོད་ཅིག་ཟུར་དུ་བྲིས་ཡོད།

དཔལ་བརྩེགས་ཐུབ་བསྟན་འོད་ཟེར་ནས།