ཡུལ་དབང་མདོ་ཆེན་དགེ་དགོན།

                ༈  ཡུལ་དབང་མདོ་ཆེན་དགེ་དགོན་གྱི་ལོ་རྒྱུས་སྙིང་བསྡུས།
 ཡུལ་དབང་མདོ་ཆེན་དགེ་དགོན་ལྷུན་འགྲུབ་ཕུན་ཚོགས་དར་རྒྱས་གླིང་ནི།   ཐོག་མར་དགོན་པ་འདི་ཉིད་ཕྱག་འདེབས་པ་པོ་ནི་ཕ་གཅིག་དམ་པའི་རྣམ་སྤྲུལ་དུ་གྲགས་པ་ ༧ བསྟན་གསལ་སྐུ་ཕྲེང་གཉིས་པ་ཡིན།  ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་དང་སྤྱི་ལོ་ ༡༩༡༤ ལོར་འཁྲུངས་ཤིང་ཡུལ་དབང་དགོན་དུ་མངའ་གསོལ་དང་ཁྲི་འདོན་མཛད་ཅིང་ཀརྨ་ཐབས་མཁས་འཕྲིན་ལས་དཔལ་བཟང་པོ་ཞེས་མཚན་གསོལ་ཏེ་བསྟན་འགྲོའི་མཛད་པ་བསྐྱངས།  ཁོང་གི་དུས་སུ་ཡུལ་དབང་དགོན་གྱི་ཟུར་དུ་དགེ་མ་ཁ་ཤས་ཙམ་བཞགས་ཏེ་མཚམས་སྒྲུབ་དང་ཉམས་ལེན་བྱེད་དུ་བཅུགས་པས་དུས་དེ་ཙམ་ནས་ཀྱང་དགེ་དགོན་གྱི་དབུ་བརྙེས་ཀྱང་དར་རྒྱས་ཆེར་མ་སོང་།  དེ་ནས་བསྟན་པ་ཡངས་དར་གྱི་དུས་དང་བསྟུན་ཏེ་ ༧ བསྟན་གསལ་སྐུ་ཕྲེང་གསུམ་པ་ཀརྨ་ཐབས་མཁས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་མདོ་ཆེན་ཁར་ཐོག་མར་དགེ་མའི་མཚམས་ཁང་ཞིག་རྒྱབ་སྟེ་དགེ་མ་རྣམས་ལ་མཚམས་སྒྲུབ་ཀྱི་ཆ་རྐྱེན་བསྐྲུན།   དེ་ནས་རིམ་པར་རྒྱ་བསྐྱེད་བཏངས་ཏེ་སྒྲུབ་ཁང་བཙུགས་ཏེ་དགེ་མའི་སྒྲུབ་སྡེ་ཐེང་དུ་མ་མཐའ་རྒྱས་སུ་མཛད།   ད་ལྟ་ནི་འདུ་ཁང་དང་དགེ་ཤག་རྣམས་ཉམས་གསོ་དང་གསར་བཞེང་གང་དགོས་ཐབས་གང་གྲགས་མཛད་པ་དང་།  བཙུན་མ་རྣམས་ཀྱིས་ཀྱང་མཚམས་སྒྲུབ་ཉམས་ལེན་ལ་བརྩོན་ཞིང་ཡེལ་པ་བཀའ་བརྒྱུད་ཀྱི་རིང་ལུགས་ཚུལ་བཞིན་དུ་འཛིན་པའོ།   །བསྟན་གསལ་སྐུ་ཕྲེང་གསུམ་པ་དཀོན་མཆོག་བཟོད་པ་རྡོ་རྗེ་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་དང་།  སྤྱི་ལོ་༡༩༨༡ལོར་སྐུ་འཁྲུངས།  དགུང་ལོ་བརྒྱད་ཙམ་ལ་ཕེབས་སྐབས་ཤེས་བྱའི་གནས་ཐམས་ཅད་ལ་གཟིགས་པ་ཙམ་གྱིས་ཁོང་དུ་ཆུད་པ་སོགས་ངོ་མཚར་བའི་ལྟས་དུ་མའི་སྒོ་ནས་སློབ་སྦྱོང་མཛད།  སྤྱི་ལོ་༡༩༩༨ལོར་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེས་བསྟན་གསལ་སྐུ་ཕྲེང་གསུམ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་། མཚན་ལ་ཀརྨ་ཐབས་མཁས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། སྤྱི་ལོ་༡༩༩༩ལོར་ཡུལ་དབང་དགོན་སྒྲུབ་བརྒྱུད་ངེས་དོན་ཆོས་འཁོར་གླིང་དུ་གསེར་ཁྲིར་མངའ་གསོལ་གནང་བས་ངོ་མཚར་བའི་ལྟས་དུ་མ་བྱུང། ད་ལྟ་དགེ་དགོན་གྱི་ཕྱི་ནང་བར་གསུམ་གྱི་གཙོ་འགན་བཞེས་ཏེ་ཕྱག་ལས་དང་མཛད་ཕྲིན་སྐྱོང་བཞིན་བཞུགས་པའོ།    །
                    ཆགས་གནས་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ལྕི་ཆུ་གྲུ་ཡ་སྟོད་དུ་ཡོད།   །

འབྲི་གུང་བཀའ་བརྒྱུད་ཤར་བཀྲ་ཤིས་ལྗོངས་དགོན།

རྒྱལ་བ་འབྲི་གུང་པ་ཆེན་པོའི་རིང་ལུགས་འཛིན་པའི་ཤར་བཀྲ་ཤིས་ལྗོངས་ནི། བོད་ལྗོངས་ནག་ཆུ་སོག་རྫོང་དཀར་མོ་ཤང་དུ་གནས་ཡོད་ལ། དགོན་པ་ཆགས་གནས་ལ་བཀྲ་ཤིས་ལྗོངས་ཞེས་བྱ་ཞིང་ལྗོངས་ཆེན་བཞིའི་ཡ་གྱལ་གྱི་གནས་རི་གྲགས་ཅན་ཞིག་ཡིན། གནས་རི་འདི་ནི་མ་བཅོས་ལྷུན་གྲུབ་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ཞིག་སྟེ། ས་ཡི་དཔྱད་པ་མ་ཚང་བ་མེད་ཅིང་། ལྗོངས་རྒྱུའི་གནས་མཆོག་ཡིད་དུ་འོང་བ་ཞིག་ཡིན། དགོན་པ་ཆགས་སའི་ས་བབ་ཀྱི་མཐོ་ཚད་ལ་མཚོ་འཕགས་རྨིད༤༣༡༩ཙམ་ཟིན་ཞིང་། སའི་གོ་ལའི་འཕྲེད་ཐིག་བྱང་མའི་༣༡°༡༢’༣༠”དང་གཞུང་ཐིག་ཤར་མའི་༩༤°༥༤’༡༢”ཐོག་ཏུ་གནས་ཡོད། སྤྱི་ལོ་༡༤༣༠ལོའི་ཡས་མས་ཙམ་ལ་རྒྱ་སྟོན་ནམ་མཁའ་རྡོ་རྗེ་མཁའ་འགྲོ་མའི་ལུང་བསྟན་ལྟར་གནས་འདིར་ཕེབས་ཏེ་མཚམས་སྒྲུབ་ཉམས་ལེན་ཡུན་རིང་མཛད་དེ་རི་ཁྲོད་ཅིག་ཕྱག་བཏབ། དེ་རྗེས་སྤྱི་ལོ་༡༧༤༩ལོ་ལ་རིམ་གཉིས་རྣལ་འབྱོར་ལ་བརྟན་པ་ཐོབ་པའི་གྲུབ་དབང་སངས་རྒྱས་ཀུན་བཟང་མཆོག་གནས་འདིར་ཕེབས་ནས་ལྷ་ཁང་རྒྱ་བསྐྱེད་དང་རྟེན་གསུམ་གསར་བཞེངས་སོགས་མཛད་པར་མ་ཟད་འབྲི་གུང་པའི་ལུགས་ལྟར་ཚོགས་སྒྲུབ་མཆོད། འདོན་དབྱངས་རྟ། མཚམས་བསྙེན་སྒྲུབ། ཆོས་འཆད་ཉན་གྱི་སྲོལ་ཕྱེས་ཤིང་དགོན་པ་ལ་བསམ་གཏན་མཐོང་གྲོལ་གླིང་ཞེས་པའི་མཚན་གསོལ། དགོན་འདིའི་རྟེན་གཙོ་ནི། རྟེན་ཡེ་ཤེས་ཕུར་སྲས་ཞེས་ཁྲུ་གང་མ་ལོང་ཙམ་ཞིག་དང་། དེ་མིན་སྐུ་རྒྱུ་ལི་དང་གསེར་དངུལ་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་འདྲ་སྐུ་དང་མཆོད་རྟེན། ཐང་སྐུ། གསེར་དངུལ་གྱིས་བྲིས་པའི་བཀའ་བསྟན་གསུང་རབ་ཀྱང་ཅུང་མང་། ཚོགས་སྒྲུབ་མཆོད་ནི། ཡང་ཟབ་དང་ཟབ་ཆོས་བདུན་པ། དགོངས་འདུས། བུམ་སྒྲུབ་སོགས་སྒྲུབ་ཆེན་དང་སྒྲུབ་ཆུང་མང་པོ་ཡོད། དགོན་འདིའི་བསྟན་བདག་ལ་རོ་སྙོམས་སྤྲུལ་སྐུ་ཞེས་ཞུ་ཞིང་། སྐུ་ཕྲེང་དང་པོ་གྲུབ་དབང་སངས་རྒྱས་ཀུན་བཟང་ནས་ཀརྨ་ཨོ་རྒྱན་ཕྲིན་ལས་ཀུན་ཁྱབ་བར་སྐུ་ཕྲེང་བདུན་རིམ་པར་བྱོན། རིག་གསར་གྱི་སྐབས་སུ་དགོན་སྡེ་འདི་གཏོར་བརླག་ཚབས་ཆེན་ཕོག་སྟེ་སྐུ་གསུང་ཐུགས་རྟེན་ཕལ་ཆེ་བ་རྩ་མེད་དུ་གྱུར། སྤྱི་ལོ་༡༩༨༩ལོར་རོ་སྙོམས་སྐུ་ཕྲེང་བདུན་པའི་རིགས་སྲས་ནག་སྤྲུལ་པདྨ་ནོར་བཟང་མཆོག་གིས་དགོན་འདིའི་ཞིག་གསོའི་ཐུགས་འགན་བཞེས་ཏེ། སྤྱི་ལོ་༡༩༨༩ལོར་སྔར་གྱི་དགོན་ཤུལ་གྱི་ཤར་ཕྱོགས་སུ་འདུ་ཁང་དང་གྲྭ་ཤག་གསར་བཅས་བཞེངས་གནང་བ་དང་རྒྱུན་སྲོལ་ཚོགས་མཆོད་རྣམས་ཀྱང་སླར་གསོ་གནང་། སླར་ཡང་སྤྱི་ལོ་༢༠༡༤ལོ་ལ་ལྷ་བླའི་མོ་ལུང་ལ་གཞིགས་ཏེ་སྔར་གྱི་དགོན་ཤུལ་དུ་གནས་སྤོས་བསྐྱར་བཞེངས་མཛད་དེ། ད་ཆ་སྤྱིའི་ཆ་ནས་རྟེན་དང་བརྟེན་པ་བཅས་པ་བཞེངས་བསྐྲུན་མཛད་ཟིན་ནས་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་ཡོད་དོ།།

ཚ་བ་ཡེ་ཆེན་ཁྲིབ་ལུང་རི་ཁྲོད།

ཀརྨ་ཀཾ་ཚང་གི་ལུགས་བཟང་དྲི་མ་མེད་པར་འཛིན་པའི་རི་ཁྲོད་འདི་ནི། ཚ་བ་ཡེ་ཆེན་དགོན་པའི་ཕྱོགས་བཞིའི་རི་ཁྲོད་བཞི་ཡི་ནང་ནས་ནུབ་ཀྱི་རི་ཁྲོད་ཡིན་ལ། ཕྱི་ལོ་ ༡༨༩༣ ཡས་མས་སུ་རྒྱ་རི་གྲགས་པ་རྒྱལ་མཚན་གྱིས་ཚ་བ་སྒང་ལྟོ་ཆེན་ལུང་པའི་ཁྲིབ་ལུང་ཕུ་རུ་ཕྱག་བཏབ། མཚན་ལ་ཁྲིབ་ལུང་རི་ཁྲོད་ཅེས་གསོལ། སྐབས་དེར་ཁོང་གིས་ལྷ་ཁང་དང་མཚམས་ཁང་ཆུང་ཆུང་ཞིག་བཞེངས་ཤིང་། བླ་མ་ཐོས་དགའ་དང་གཏེར་སྟོན་ཀརྨ་བསྟན་འཛིན་སོགས་ཀྱིས་ཀྱང་རི་ཁྲོད་འདིར་སྒྲུབ་པའི་རྒྱུན་བསྐྱངས་ནས་ཡུན་དུ་བཞུགས། དུས་འགྱུར་སྐབས་མིང་ཤུལ་ཙམ་དུ་སོང་བས། ཕྱི་ལོ་ ༡༩༨༤ ཤིང་བྱི་ལོར་ཡེ་སྤྲུལ་ཀརྨ་སྒྲུབ་བརྒྱུད་ཀྱིས་གཙུག་ལག་ཁང་དང་། རྟེན་གསུམ་གསར་བཞེངས་མཛད་དེ་མར་མི་དྭགས་གསུམ་གྱི་བླ་སྒྲུབ། ཕག་བདེ་རྒྱལ་གསུམ་དང་། མ་མགོན་མགར་གསུམ་གྱི་དབང་ལུང་སོགས་གནང་། ཁོང་གི་ཐུགས་བཞེད་ལྟར་ལོ་དེ་ནས་ཡེ་དགོན་བླ་མ་ཀརྨ་ཡེ་ཤེས་གནས་འདིར་དབུ་བླར་བཞུགས་ཏེ། བཙུན་མ་དག་ལ་ཆོ་ག་ཆོས་སྤྱོད་སོགས་བསླབས་པ་དང་། བསྐང་གསོལ་དང་དུས་མཆོད་སྨྱུང་གནས་སོགས་མ་ཆག་པར་གནང་། ཕྱི་ལོ་ ༡༩༩༣ ལོར་བླ་མ་སྙན་པའི་འབྲུག་གྲགས་གནས་འདིར་ཕེབས་ཏེ་ལོ་ཤས་ལ་ཆོས་དང་ཟང་ཟིང་གི་བཀའ་དྲིན་ཆེ་བར་གནང་། ཕྱི་ལོ་༢༠༡༠ ལོར་ཡེ་སྤྲུལ་ཀརྨ་སྒྲུབ་བརྒྱུད་ཀྱིས་སེ་རྒྱལ་དབང་གདན་དྲངས་ནས། ཁོང་རྣམ་པས་མེ་རྡོ་རི་མགུལ་ལ་ས་འདུལ་ལས་ཆོག་སོགས་མཛད་དེ་རི་ཁྲོད་གསར་སྤོ་བྱས། སེ་རྒྱལ་དབང་མཆོག་གིས་དགོན་པའི་མཚན་ལ་བདེ་ཆེན་ཐར་ལམ་གླིང་ཞེས་གསོལ། ཡེ་སྤྲུལ་རིན་པོ་ཆེས་བླ་མ་བཀྲ་ཤིས་རྒྱལ་མཚན་དགོན་འདིའི་བསྟན་བདག་ཏུ་བསྐོས་བཞག་མཛད་ཅིང་། ད་སྐབས་བཙུན་མ་བཅུ་ཕྲག་གསུམ་ལྷག་གིས་ལམ་རིམ་ཐར་རྒྱན་དང་། མི་ལ་མགུར་འབུམ་སོགས་ལ་ཐོས་བསམ་བགྱི་ཞོར། གང་འཚམ་ཀྱི་བསྙེན་སྒྲུབ་དང་། དུས་མཆོད་གསོལ་ཀ་སོགས་ཆག་མེད་འཚོགས་ཤིང་། བླ་མ་བཀྲིས་རྒྱལ་མཚན་གྱིས་དགོན་པའི་ཕྱི་ནང་བར་གསུམ་གྱི་ཐུགས་འགན་བཞེས་ཏེ་ཆོས་དང་ཟང་ཟིང་གི་གནང་སྦྱིན་སྩོལ་བཞིན་པའོ།།

ཚ་བ་ཡེ་ཆེན་དགོན།

དགོན་འདིའི་མིང་རྒྱས་པར་ཚ་བ་ཡེ་ཆེན་སྨིན་གྲོལ་ཐེག་མཆོག་ཆོས་གླིང་ཞེས་གསོལ་ཞིང་། ཀཾ་ཚང་གི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན། བོད་ཆུ་བཞི་སྒང་དྲུག་གི་ནང་ཚན་ཚ་བ་སྒང་དུ་ཆགས་ཡོད། ཀརྨ་པ་དུས་གསུམ་མཁྱེན་པའི་དངོས་སློབ་འགྲོ་མགོན་རས་ཆེན་གྱིས་ཕྱི་ལོ་ ༡༡༩༦ ཡས་མས་སུ་ཕྱག་བཏབ་ཅིང་མཚན་ལའང་ཡེ་ཆེན་རི་ཁྲོད་ཅེས་གསོལ་བར་གྲགས། ཕྱིས་སུ་གྲུབ་ཐོབ་ཀརྨ་རྣམ་རྒྱལ་སོགས་ཀྱིས་དགོན་འདིའི་སྒྲུབ་བརྒྱུད་བསྟན་པའི་རྒྱུན་ལེགས་པར་བསྐྱངས་ཤིང་།  ༡༩༠༡ ཡས་མས་སུ་ཡེ་སྤྲུལ་སྐུ་ཕྲེང་དང་པོ་གྲུབ་དབང་བསོད་ནམས་རང་གྲོལ་དང་ཀརྨ་ཡན་ལག་བཅས་ཀྱིས་མཆོག་གླིང་སྐུ་ཕྲེང་གཉིས་པ་ངེས་དོན་གྲུབ་པའི་རྡོ་རྗེའི་ཞལ་བཀོད་ལྟར་གཙུག་ལག་ཁང་དང་སྒྲུབ་ཁང་གསར་བཞེངས་སོགས་མཛད་དེ། དེ་སྔའི་སྦྲ་དགོན་གྱི་རྣམ་པ་ལས་ཇེ་རྒྱས་སུ་བཏང་། ཇོ་བླ་མ། སྟག་གཡག་བླ་མ་སོགས་ཀྱིས་ཀྱང་གནས་དེར་བསྟན་པའི་མཛད་འཕྲིན་བསྐྱངས།  སྐབས་དེར་དགེ་འདུན་གྱི་སྡེ་མང་དུ་ཡོད་ལ་རང་དགོན་གྱི་བླ་མས་བཏབ་པའི་ཕྱོགས་བཞི་ལ་རི་ཁྲོད་བཞི་ཡོད། གདན་ས་བར་པ་ཀརྨའི་དགོན་ནས་བླ་བསྐོས་མངགས་ཏེ་ཆོ་ག་ཆོས་སྤྱོད་སོགས་ཀརྨའི་ལུགས་ལྟར་གནང་བ་དང་། དགུ་དུས་མཆོད་དག་རྒྱས་སུ་མཆིས། ཆགས་སྤྲུལ་དྲུག་པ་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་དང་། ཀར་སྲས་ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར། འཛི་སྒར་ཀོང་སྤྲུལ་བློ་གྲོས་རབ་འཕེལ་སོགས་སྐྱེས་ཆེན་དུ་མ་ཞིག་དགོན་འདིར་ཕེབས་ཏེ་ཆོས་ཀྱི་འགྲོ་དོན་མཛད། དཔལ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེས་དགོན་འདིར་བཅའ་ཡིག་ཆེན་མོ་བསྩལ་ཅིང་ད་ལྟའང་མ་ཉམས་པར་བཞུགས། དུས་འགྱུར་སྐབས་དགོན་འདི་མིང་ཤུལ་ཙམ་གྱུར་ཀྱང་། ཡེ་སྤྲུལ་སྐུ་ཕྲེང་གཉིས་པའི་ ༡༩༨༤ ལོར་བྱམས་མགོན་ཏཱའི་སི་ཏུ་པདྨ་དོན་ཡོད་རིན་པོ་ཆེ་མཆོག་ལྟོ་ཆེན་མདའ་རུ་གདན་དྲངས་ཏེ། ས་གཞི་བྱིན་རླབས་སོགས་ཞུས་ཤིང་། གཙུག་ལག་ཁང་དང་སྒྲུབ་ཁང་སོགས་བཏབ་ནས་ ༡༩༨༧ ལོར་ཀརྨ་ཆགས་མེད་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མཆོག་གིས་གཙུག་ལག་ཁང་དབུ་འབྱེད་སོགས་གནང་། ༡༩༩༡ ལོར་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་པར་གྲུབ་ནས། རྗེ་ཁོང་གིས་ཀཾ་ཚང་གི་ཕྱག་བཞེས་ལྟར་ཆོ་ག་ཆོས་སྤྱོད་འདུས་པ་རྣམས་ལ་བསླབས་པ་དང་། ནཱ་རོའི་སྒྲུབ་ཁང་སོགས་གསར་འཛུགས་གནང་། དུལ་མོ་ཆོས་རྗེ་རིན་པོ་ཆེ་དང་སེ་རྒྱལ་དབང་གཙོས་བླ་ཆེན་མང་པོ་གདན་དྲངས་ཏེ་སྔགས་མཛོད་དང་རིན་ཆེན་གཏེར་མཛོད་སོགས་ཀྱི་དབང་ལུང་ཚུགས།  ད་དུང་ཐོས་བསམ་མཛད་པའི་བཤད་གྲྭའི་སྲོལ་གསར་དུ་ཕྱེས་ཤིང་། མདོར་ན་རྗེ་ཁོང་གིས་བཤད་སྒྲུབ་ལས་གསུམ་གྱི་ཕྱག་ལས་གནང་སར་དགོན་འདི་དར་རྒྱས་ལེགས་པར་མཛད། ད་སྐབས་དགོན་པར་བླ་སྤྲུལ་མཁན་སློབ་བླ་གྲྭ་བརྒྱ་ཕྲག་ལྷག་བཞུགས་ཤིང་བསྟན་འགྲོའི་དོན་མཛད་བཞིན་པའོ། །