འཇོ་ཕུ་དགོན་ངེས་གསང་ཐར་པ་རྣམ་གྲོལ་གླིང་། དགོན་པ་འདི་ལྷ་རྩེ་བ་ངག་དབང་བཟང་པོའི་དངོས་སློབ་བླ་མ་ཀརྨ་ཕྲིན་ལས་པའམ། མཚན་གཞན་ཀརྨ་ཆོས་བློ་དང་། ཕྲིན་ལས་ཤེས་རབ། འབྲུག་པ་ཆོས་ལུ་སོགས་ཞུ། རྗེ་ཉིད་ཁམས་གྲུབ་དབང་ཀརྨ་བསྟན་འཕེལ་དང་ལྷན་དུ་ཁམས་སུ་ཕེབས། ཕྱི་ལོ་༡༦༠༣ལོར་བཀྲ་ཤིས་ལྷ་རྩེར་ཕྱག་བཏབ། དེའི་ཚེ་འདིར་རབ་ཏུ་བྱུང་ནས་རྟག་ཏུ་དབེན་པར་སྡོད་ཚུགས་དགོས་པའི་དགེ་འདུན་གྱི་ནང་ཁྲིམས་ལེགས་པས་རྣམ་དག་ཁྲིམས་གཙང་གི་ཚད་དུ་བྱེད་པའི་འདུས་སྡེ་ཞིག་བྱུང་།
འདིའི་སྐུ་ཕྲེང་གཉིས་པ་མི་ཕམ་དཔག་བསམ་རྣམ་རྒྱལ། མཚན་གཞན་ཆོས་བློ་འགྲོ་དོན་རྒྱ་མཚོ་ཟེར། འཇོ་ཕག་གྲུ་ཕུག་ཏུ་སྐུ་མཚམས་ལོ་མང་བཞུགས། རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ལོ་སྟེ། ཕྱི་ལོ་༡༦༦༣ལོར་སྒྲུབ་ཕུག་གི་ཉེ་འོག་ཏུ་གཙུག་ལག་ཁང་སོགས་གསར་བཞེངས་གནང་ནས་དེར་གདན་ས་མཛད་པས། དེ་ནས་དགོན་པའི་མཚན་ལ་འཇོ་ཕུ་དགོན་དུ་གྲགས། ཀརྨ་ཕྲིན་ལས་པའི་སྐུ་ཕྲེང་ན་རིམ་དང་། རྒྱའི་གྲུབ་ཐོབ་རྒྱ་ཆུ་འཕུར་ཡེ་ཤེས་རྡོ་རྗེ་དང་། རྣལ་འབྱོར་པ་བརྩོན་འགྲུས་བྱང་ཆུབ་བམ་འཇོ་རི་བྱང་ཆུབ་སྐུ་ཕྲེང་རིམ་བྱོན་བཅས་ཀྱིས་གདན་ས་བསྐྱངས་ནས་དཀྱིལ་འཁོར་སྒྲུབ་མཆོད་སོགས་མཉམ་མེད་འབྲུག་པའི་ཆོས་བརྒྱུད་ངོས་གཙང་ཞིག་འཛིན་ཐུབ་པ་བྱུང་ཡང་དུས་འགྱུར་སྐབས་རྩ་འཐོར་དུ་སོང་།
ད་ལྟར་བསྐྱར་གསོ་བྱུང་བ་ནི། བཤད་གྲྭ་དང་། སྒྲུབ་སྡེ་ཁག་གསུམ་བཅས་བཤད་སྒྲུབ་ཀྱི་སྡེ་དར་རྒྱས་ཆེ།
འཇོ་ཕུ་པད་དཀར་བཤད་གླིང་ནི། གཞུང་ཆེན་མོའི་འཆད་རྩོད་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་དང་། དམ་ཆོས་འདུལ་བའི་ཕྱག་ལེན་སོགས་སྔར་ལུགས་བཞིན་སྐྱོང་ཞིང་། ཕྱོགས་ཀྱི་གྲྭ་རྒྱུན་རྣམས་ལ་སློབ་གཉེར་གྱི་ཁོར་ཡུག་ཤིན་ཏུ་བཟང་བས་ཆོས་བརྒྱུད་གཞན་གྱི་སློབ་གཉེར་བ་སོགས་མང་དུ་འདུས་པའི་གྲྭ་སར་གྱུར་ཡོད།
འཇོ་ཕུ་སྒྲུབ་སྡེ་ཟབ་གསང་ཆོས་གླིང་། འདིར་སྔོན་འགྲོ་བསགས་སྦྱོང་གི་རིམ་པ་ནས་འཁོར་ལོ་སྡོམ་པ་སོགས་ཡི་དམ་ཁག་ཅིག་གི་བསྙེན་སྒྲུབ་དང་འབྲེལ་ན་རོའི་ཆོས་དྲུག་ཉམས་གཞེས་གནང་བའི་སྒྲུབ་གྲྭ་ཞིག་ཡིན་ལ། སྒྲུབ་ཡུན་ལོ་བཞིའི་རིང་སྒྲུབ་ཚུགས་ཤིན་ཏུ་དམ་པའི་སྒྲུབ་སྡེ་ཞིག་ཏུ་བཞུགས།
འཇོ་ཕུ་སྒྲུབ་སྡེ་དོན་བརྒྱུད་ཆོས་གླིང་། འདིར་བཞུགས་མཁན་ཕལ་ཆེ་བ་སྔར་སྒྲུབ་གྲྭར་བཞུགས་མྱོང་བ་དང་། གནས་དབེན་པ་སོང་ཕྱིར་ཚེས་བཅུ་ཉེར་ལྔ་བཅས་ལ་སྒྲུབ་ཁང་གི་ཕྱི་ལོགས་ཀྱི་ཉེ་འཁོར་དུ་འགྲོ་ཆོག འདིར་གཙོ་བོ་ཕྱག་ཆེན་སྒོམ་སའི་བསྟི་གནས་ཡིན།
ཕག་གྲུའི་སྒྲུབ་ཁང་ནི། འཇོ་ཕག་གྲུའི་ཕུག་གི་ཉེ་འོག་གི་སྒྲུབ་ཁང་སྟེ། འདི་ནི་མང་ཐོས་སྡེ་སྣོད་འཛིན་པ་རྣམས་དབེན་པ་བསྟེན་པའི་ནགས་གནས་ཀྱི་སྒྲུབ་སྡེ་ཞིག་ཡིན།
Month: August 2020
སྟོད་ལུང་གནས་ནང་དགོན།
རྗེ་དཔའ་བོའི་གདན་ས་གནས་ནང་དགོན་དེ་ནི་གྲོང་ཁྱེར་ལྷ་ས་ནས་སྤྱི་ལེ་དྲུག་ཅུ་ཙམ་གྱི་སར་དཔལ་གྱི་འོག་མིན་མཚུར་ཕུའི་མདར་ཆགས་ཡོད། རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་༤༢༩༠ཆོས་བྱུང་ལོ་རྒྱུས་ཁག་ནང་མཚུར་གནས་ནང་དང་། གནས་ནང་རྒྱལ་བའི་རི་ཁྲོད་ཅེས་འཁོད། ཀུན་གཟིགས་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་སེང་གིས་དགུང་ལོ་སོ་དགུ་པ་ལྕགས་བྱ་༡༣༢༡ ལོར་ཕྱག་བཏབ། རྟེན་འབྲེལ་དུ་དགོངས་ནས་མཚན་ཡང་གནས་ནང་དུ་བཏགས།
གར་དབང་ལྔ་པ་མཆོག་གིས་གནས་དེར་རྟོགས་ལྡན་དར་མ་རྒྱལ་མཚན་དང་། གཡག་སྡེ་པན་ཆེན། རྟོགས་ལྡན་མགོན་པོ་རྒྱལ་མཚན་སོགས་དབུས་གཙང་ཁམས་གསུམ་ནས་ཚོགས་པ་དྲུག་བརྒྱ་ཙམ་བསྡུས་པ་ལ་ནཱ་རོ་ཆོས་དྲུག་དང་ཡན་ལག་དྲུག་གི་ཁྲིད་བསྐྱངས། སྒོམ་ཆེན་ཉམས་རྟོགས་དང་ལྡན་པ་སྒྲུབ་ཚུགས་ཅན་མང་དུ་ཐོན། མཁས་གྲུབ་དར་རྒྱལ་བ་དང་རྗེ་ཞྭ་དམར་སྐུ་ཕྲེང་གཉིས་པ། རྟོགས་ལྡན་ཡེ་ཤེས་དཔལ། བླ་མ་བསོད་ནམས་འབུམ་ལྕགས་རྡོ་བླ་མ་རྒྱ་མཚན། རྗེ་ཞྭ་དམར་གསུམ་པ་དང་བཞི་པ་བཅས་ནས་རིམ་པར་གདན་ས་འཛིན།
རྗེ་གོང་མར་མི་ཕམ་སྲས་པོས་ལུང་བསྟན་པ་བཞིན་རྗེ་སྤྱན་སྔ་ཆོས་གྲགས་ཀྱིས་ཤིང་སྦྲུལ་ལོར་གནས་ནང་མཆོད་ཁང་གསར་མ་དང་བྱམས་པའི་སྐུ་བཞེངས། གཙུག་ལག་ཁང་ཡོངས་ལ་སཙྪའི་ལྕགས་རི་སོགས་མཛད། དེ་ནས་ཞྭ་དམར་ཅོད་པན་འཛིན་པ་བདུན་པ་ཡེ་ཤེས་སྙིང་པོའི་དུས་ཀར་དགོན་དགེ་སྒྱུར་སྐབས་དགོན་པ་དེ་ཡང་དེ་ཁོངས་སུ་ཚུད། དེ་དང་འདྲ་བར་རྗེ་དཔའ་བོ་རིམ་བྱོན་གྱི་གདན་ས་གྲོ་བོ་ལུང་དང་སྲས་མཁར་སྤྲུལ་པའི་ཕོ་བྲང་། ལྷ་ལུང་དགོན་སོགས་ཀྱང་དགེ་ལུགས་སུ་བསྒྱུར། རྗེ་དཔའ་བོ་ལྔ་པ་གཙུག་ལག་ཕྲིན་ལས་རྒྱ་མཚོར་གོང་ས་ལྔ་པ་ཆེན་པོས་ཧུ་ཐོག་ཐུའི་དབུ་གནས་སོགས་དང་གནས་ནང་དགོན་དེ་ཉིད་གདན་སར་གནང་། དེ་ནས་བཟུང་རྗེ་དཔའ་བོ་རིམ་བྱོན་གྱིས་གདན་སར་གྱུར།
བསྐྱར་དར་སྐབས་སྐྱབས་རྗེ་དཔའ་བོ་བཅུ་པ་ཆེན་པོ་དང་སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེའི་ཐུགས་དགོངས་བཞིན་བླ་མ་ཚེ་དབང་བཀྲ་ཤིས་དང་། སྔོན་མའི་གྲྭ་རྒན་རྣམས་མཉམ་རུབ་ཀྱིས་བསྐྱར་བཞེངས་དབུ་བཙུགས། རིམ་པར་རྗེ་དཔའ་བོ་གཙུག་ལག་སྨྲ་བའི་སྒྲ་དབྱངས་མཆོག་གིས་བླ་མེད་ཐུགས་རྗེའི་བདག་རྐྱེན་ལས་གཙུག་ལག་ཁང་རྟེན་གསུམ་རྨང་ནས་ཉམས་གསོ་དང་། བཤད་སྒྲུབ་ཀྱི་བྱ་བ་ཡང་སྒྲུབ་ཁང་ཆེ་ཆུང་གསུམ་ལ་ཐུན་མོང་ལམ་གྱི་རིམ་པ་ནས་རྒྱུད་སྡེ་ཁག་དང་ཐུན་མིན་ཐབས་གྲོལ་གྱི་གདམས་པ་རྣམས་གོང་མའི་ཕྱག་རྒྱུན་ཇི་ལྟ་བར་ཉམས་ལེན་དང་། དགེ་འདུན་ཚོགས་གྲྭ་རྣམས་ནས་ནག་རྒྱལ་ཕག་གསུམ་དང་བདེ་དགྱེས་འཇིགས་སོགས་མར་སྟོན་ཆེན་པོའི་རྒྱུད་སྡེ་ཁག་གཙོ་བོར་བྱས་པའི་སྒྲུབ་མཆོད་ཁག་སུམ་ཅུ་ལ་ཉེ་བར་དཔལ་མཚུར་ཕུའི་ལུགས་ལྟར་ཚོགས་ནས་དྭགས་བརྒྱུད་སྒྲུབ་པའི་བསྟན་པ་འཛིན་བཞིན་པ་ལགས་སོ།། །།
ཡངས་པ་ཅན།
སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་གདན་ས་ཆེན་པོ་ཡངས་པ་ཅན་གྱི་ལོ་རྒྱུས་མདོར་བསྡུས།
༡༽གདན་ས་འདི་ཉིད་ཇི་ལྟར་ཕྱག་བཏབ་ཚུལ།
དེ་ཡང་ཐམས་ཅད་མཁྱེན་པ་༧ཀརྨ་ཞྭ་དམར་པ་སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁའ་སྤྱོད་དབང་པོས་ཇི་ལྟར་ལུང་བསྟན་པ་བཞིན། གཉན་ཆེན་ཐང་ལྷ་དང་གངས་དཀར་ཤ་མེད་མ་གཙོ་བོ་བྱེད་པའི་གཉན་འཁོར་སུམ་བརྒྱ་དྲུག་བཅུས་མུ་ཁྱུད་ལྟར་ཡོངས་སུ་སྐོར་བའི། སྟོད་ལུང་ཕུ་གནམ་གཞུང་ཞེས་པའི་ས་ཆར། གླང་ཆེན་བག་ཉལ་ལྟ་བུ་འབྲང་རྒྱས་ཀྱི་རི་བོའི་ངོས། ས་དཔྱད་ཕུན་སུམ་ཚོགས་པའི་གནས་དེར།
ཀརྨ་ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པ་ལ། མི་དབང་དོན་ཡོད་རྡོ་རྗེ་དང་ས་སྐྱོང་རིན་ཆེན་རྒྱལ་མཆོག་གཙོས་གཞུང་འབྲེལ་གྱི་དཔོན་རིགས་རྣམས་པས་སྦྱིན་བདག་མཛད་ཅིང་། སྤྱི་ལོ་༼༡༥༠༣༽སྟེ་རབ་བྱུང་བརྒྱད་པའི་ཆུ་ཕག་ལོ་ཟླ་བ་བཞི་པའི་ཚེས་བཅུ་དགུའི་ཉིན་ཕྱག་བཏབ་བོ། །
༢༽ གདན་ས་འདི་ཉིད་འཕེལ་འགྲིབ་ཇི་ལྟར་བྱུང་ཚུལ།
ཡངས་པ་ཅན་གྱི་ཆོས་སྡེ་འདི་ཉིད་དུ་ཀརྨ་ཞྭ་དམར་ནག་རིམ་བྱོན་དང་། གདན་ས་འདིའི་མཁན་ཆེན་སྣར་ཐང་བ་ཤེས་རབ་དཔལ་ལྡན་ནས་གོ་ཤྲི་ཀརྨ་དོན་གྲུབ་སྙིང་པོའི་བར་མཁན་རབས་ཉེར་ལྔ་སོགས་ཀྱིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་རྟེན། འགྲོ་མགོན་བཀའ་བརྒྱུད་པའི་གདན་སའི་གཙོ་བོར་གྱུར། གྲུབ་ཐོབ་ཀརྨ་ཆགས་མེད་དང་མཁན་ཆེན་ཀརྨ་ཕྲིན་ལས་སོགས་སྐབས་དེའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཕལ་ཆེར་གནས་འདི་ནས་ཤེས་རབ་ཀྱི་ལོ་འདབ་རྒྱས་ཏེ་མཁས་པའི་གོ་འཕོང་བརྙེས། སྒྲུབ་ཁང་ཀརྨ་ཀུན་བཟང་གླིང་དུ་ཐུན་མོངས་དང་ཐུན་མིན་གྱི་བློ་སྦྱོང་སྔོན་དུ་སོང་བའི་ཐོག ཐབས་ལམ་ན་རོ་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཚུལ་བཞིན་བྱས་པར་རྟེན། རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བརྟན་པ་ཐུབ་པའི་གྲུབ་བརྙེས་ཀྱི་ཚང་ཆེན་རྡོལ་ཏེ། རྒྱ་བོད་ཧོར་འཇང་སོགས་ཡུལ་གྲུ་ཀུན་ཏུ་གདན་ས་འདིའི་ཕྲིན་ལས་ཀྱི་འོད་སྣང་དཀར་པོས་མ་ཁྱབ་པ་མེད་པར་གྱུར། རབ་བྱུང་བཅུ་གསུམ་པའི་ནང་། པཎ་ཆེན་དྲུག་པའི་གཅུང་པོ་ཞྭ་དམར་སྐུ་ཕྲེང་བཅུ་བ་ཆོས་གྲུབ་རྒྱ་མཚོ་ལ་ཕྱོགས་ཞེན་ཅན་འགས་གཞུང་ས་དང་དབྱེན་སྦྱོར་བྱས་པར་རྟེན། གོར་དམག་བོད་ལ་དྲངས་པའི་ཉེས་ཁག་འགེལ་ནས་གདན་ས་འདི་ཉིད་དགའ་ལྡན་ཁོངས་སུ་བཙན་བསྒྱུར་བྱས་པ་དང་། ཞྭ་དམར་པའི་ཡང་སྲིད་ཁྲི་ལ་བཀོད་མི་ཆོག་པ་བྱས་ཀྱང་སྤྲུལ་པའི་སྐུ་ཡི་འཕྲིན་ལས་ནི་སུ་དང་གང་གིས་འགོག་པ་མི་ནུས་པས། སྐུ་ཕྲེང་བཅུ་གཅིག་པ་ཀརྨ་པ་ཐེག་མཆོག་རྡོ་རྗེའི་དབོན་པོ་ཆོས་དབང་རིན་པོ་ཆེ་དང་། བཅུ་གཉིས་པ་རྒྱལ་དབང་བཅོ་ལྔ་པའི་གདུང་སྲས་འཇམ་དབྱངས་རིན་པོ་ཆེ་རྒྱལ་དབང་བཅོ་ལྔ་པ་གང་ཉིད་ཀྱིས་ངོས་འཛིན་མཛད་ནས། གདན་ས་ཡངས་པ་ཅན་དུ་ཡང་ཡང་ཕེབས་ནས་དབང་ཆོས་སོགས་གནང་། བཅུ་གསུམ་པ་འཕྲིན་ལས་ཀུན་ཁྱབ། བཅུ་བཞི་པ་རྒྱལ་དབང་རིག་པའི་རྡོ་རྗེས། དབོན་པོ་མི་ཕམ་ཆོས་ཀྱི་བློ་གྲོས་ངོས་འཛིན་མཛད་ནས་ཁྲིར་འདོན་ཆོག་པའི་སྙན་གསེང་ཞུས་པ་ལྟར་བཀའ་འཁྲོལ་ཐོབ་ནས། སྤྱི་ལོ་༡༩༥༦ལོར་མཚུར་ཕུའི་མངའ་ཁང་དུ་ཁྲི་འདོན་གནང་བ་སོགས་འཛམ་གླིང་ཡོངས་གྲགས་སུ་གྱུར། སྤྱི་ལོ་༼༡༩༥༩༽ལོར་རིག་གནས་གསར་བརྗེའི་སྐབས་སུའང་སྤྱི་ཡོངས་ལྟར་འཐོར་ཞིག་སོང་།
༣༽ གདན་ས་འདི་ཡི་ད་ལྟའི་གནས་བབས།
སྤྱི་ལོ་༼༡༩༨༢༽ལོར་ཆོས་དད་རང་མོས་ཀྱི་སྲིད་ཇུས་འོག་དགོན་པ་ཡང་སྐྱར་ཉམས་གསོ་བྱེད་ཆོག་པ་བྱུང་སྐབས་དགོན་པའི་ལས་བྱེད་དང་ཆོས་དད་མང་ཚོགས་བློ་མ་གྲོས་བསམ་པ་གཅིག་མཐུན་གྱིས་སྔོན་མ་བཞིན་ཀརྨ་བཀའ་བརྒྱུད་པའི་གདན་ས་ཉིད་དུ་འཛུགས་བསྐྲུན་དགོས་པའི་ཐུགས་ཐག་བཅད་ནས་གསར་བཞེངས་གནང་། དེ་ནས་ད་ལྟའི་བར་བཀའ་རྒྱུད་རང་ལུགས་ཀྱི་མཐོང་བ་རྒྱུད་པའི་ཕྱག་ལེན་དང་། མདོ་སྔགས་གཞུང་ཆེན་ཁག་ལ་འཆད་ཉན། སྒྲུབ་གྲྭའི་ཉམས་བཞེས་སོགས་གང་སྤྱིའི་ཐད། རྒྱལ་དབང་དཀོན་མཆོག་ཡན་ལག་དང་། གར་དབང་ཆོས་ཀྱི་དབང་ཕྱུག་སོགས་ཀྱིས་བཤད་སྒྲུབ་ལས་གསུམ་གྱིས་མཛད་འཕྲིན་ཇི་ལྟར་སྐྱོང་བ་གཞིར་བཞག་དེང་དུས་ཀྱི་རིག་གནས་རྣམས་ཀྱིས་ཟུར་རྒྱན་ནས་ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པ་ཙམ་དུ་མ་ཚད།
སྤྱི་ལོ་༼༢༠༡༣༽ལོར་དགོན་འདི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཚུད།༼༢༠༡༨༽ལོར་ཡངས་ཅན་དབྱར་འཆམ་ཡང་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཡོད། །གདན་སའི་མཁན་པོ་པདྨ་གེ་སར་ནས་བྲིས།
ཡངས་པ་ཅན་དགོན་པའི་ངོ་སྤྲོད་མདོར་བསྡུས།
སྨན་སྡོང་བཙུན་དགོན།
༄༅། །སྨན་སྡོང་བཙུན་དགོན་བསམ་བསྟན་གླིང་ནི། སྟོད་མངའ་རིས་མཚོ་ཆེན་རྫོང་ཁོངས་སུ་ཆགས་ཤིང་ཀརྨ་ཀཾ་ཚང་རིང་ལུགས་འཛིན་པའི་བཙུན་དགོན་ཞིག་ཡིན་ནོ། མཚོ་ཆེན་རྫོང་ཆགས་ཡུལ་ནས་སྤྱི་ལེ་བཅོ་ལྔ་ལྷག་ཙམ་ན་ཡོད། བླ་མ་ངེས་དོན་བསྟན་རྒྱས་ཀྱི་གཅུང་མོ་ཨ་ནེ་ཀུན་བཟང་སྒྲོལ་མས་སྤྱི་ལོ་༡༨༨༥ ལོར་ཕྱག་བཏབ་དེ་ནས་ཁོང་གི་གཅུང་མོ་ཨ་ནེ་ཀརྨ་ཆོས་ཉིད་དང་ལྷན་སྨྱུང་གནས་དང་ཡིད་དམ་ཐུགས་རྗེས་ཆེན་པོས་སྒོམ་བཟླས་ལྷུར་བླང་ཞིང་སྒྲུབ་པ་ཉམས་བཞེས་མཛད། གཞན་ཡང་འོད་དཔག་དང་སྒྲོལ་མ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྒྲུབ་ཐབས་དམ་པ་སྤྱོད་ཡུལ་ཟབ་མོ་བཅས་ཀྱིས་མཚམས་བརྙེན་སྒྲུབ་ཀྱི་དུས་འདའ་ཞིང་ཉིན་རེ་ཟས་ཐེངས་གཅིག་ལས་མི་བཞེས་དེ་ཡང་དཀར་སྐྱོང་དམར་སྤོང་ཁོ་ན་བསྟེན་དོ། མདོར་ན་སེམས་ཅན་ལ་གནོད་འཚེའི་རིགས་དངོས་ཤུགས་རྒྱུད་གསུམ་ནས་ཟློག་པར་བྱེད་པའི་རྒྱལ་སྲས་བྱང་ཆུབ་དཔའི་ངང་ཚུལ་ལ་གནས་སོ། དོན་མེད་ཀྱི་ངག་ཀྱལ་དང་འགྲོ་འཆག་གི་སྤྱོད་ལམ་སྤང་ཞིང་ཐ་ན་དགོན་པའི་གྱང་རིའི་ཕྱི་ཙམ་ཡང་མི་ཕེབས། ཚེ་དང་སྒྲུབ་པ་མཉམ་ཞིང་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་སྒྱུར་པའི་རྣལ་འབྱོར་མ་ཞིག་ཡོད་དོ། དུས་འགྱུར་སྐབས་སུ་དགོན་པ་ཉམས་རྒུད་ཕྱིན་ཀྱང་སྤྱི་ལོ་༡༩༨༤ ལོར་བླ་མ་བློ་གྲོས་དང་བླ་མ་བསྟན་དར་རྣམ་གཉིས་ཀྱིས་བཙུན་དགོན་སླར་ཡང་བསྐྱར་གསོ་མཛད་དོ། སྤྱི་ལོ་༢༠༠༢ ལོར་དགོན་པའི་སྒོ་མཆོར་སོགས་གསར་བཞེངས་གནང་། སྤྱི་ལོ་༢༠༠༤ ལོར་དགོན་པའི་ལྕགས་རི་དང་སྨྱུང་གནས་ལྷ་ཁང་གཉིས་གསར་བཞེངས་མཛད། ད་ལྟའི་ཆར་འཁོར་ལོ་གསུམ་ཀྱི་བྱ་བའི་དུས་འདའ་ཞིང་རྒྱལ་བསྟན་དར་རྒྱས་ཡོང་སླད་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པའོ།།