རྟ་རྫི་དགོན།

 འདམ་གཞུང་རྟ་རྫི་དགོན་པ།

   གཉན་ཆེན་ཐང་ལྷའི་ཆིབས་རྫི་གྱང་ལྷ་བཙན་པོའི་རི་མགུལ་ན་ཡོད་པའི་རྟ་རྫི་དར་ཡོལ་ཕུག་ནི། རྗེ་དུས་གསུམ་མཁྱེན་པ་སྤྱི་ལོ་1150 ཡས་མས་སུ་གནས་འདིར་སྒྲུབ་པ་མཛད་ནས་བྱིན་གྱིས་བརླབས། དེ་རྗེས་རྒྱལ་དབང་བྱང་ཆུབ་རྡོ་རྗེ། ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་འགྲུབ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། རྒྱལ་དབང་མཁའ་ ་རྡོ་རྗེ། སྒྲུབ་དཔོན་བདེ་ཆེན་ཚེ་དབང་སོགས་དམ་པའི་སྐྱེས་བུ་དུ་མས་སྒྲུབ་པ་མཛད།

རྟ་རྫི་ཆུ་ཚན་ནི། རྒྱལ་བ་བྱང་ཆུབ་རྡོ་རྗེ་སོགས་ཡབ་སྲས་ལྔ་དུས་གཅིག་ཏུ་གདན་འཛོམས་ནས་སྐུ་ཁྲུས་གནང་། རྒྱལ་དབང་རིག་པའི་རྡོ་རྗེ་གནས་འདིར་ཕེབས་སྐབས་ནམ་ཟླ་དགུན་ཁ་ལ་ཡང་སྦྲུལ་མང་པོས་གུས་པའི་ཚུལ་གྱིས་སྐུ་པང་དུ་འཛེགས་པ། མགུལ་དུ་འཁྱུད་པ་སོགས་གཞི་བདག་མགུ་བའི་མཚན་མ་བྱུང་། རྒྱལ་དབང་ཨོ་རྒྱན་འཕྲིན་ལས་གནས་འདིར་ཕེབས་ནས་ཁྲུས་དང་རབ་གནས་མཛད་དེ་བྱིན་གྱིས་བརླབས། བྲག་ངོས་སུ་རྟ་རྫིའི་རང་བྱོན་ཡང་མཇལ་རྒྱུ་ཡོད།

རྟ་རྫི་དགོན་པ་ནི། མཚུར་ཕུའི་བླ་མ་དགྲ་འདུལ་ལགས་ཀྱིས་འདུ་ཁང་ཀ་བ་དྲུག་དང་གཟིམ་ཆུང་གསོལ་ཐབ་སོགས་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་མཛད། གདན་ས་མཚུར་ཕུ་ནས་བླ་གྲྭ་ཆེད་གཏོང་མཛད་ནས་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་བཞིན་མཆིས་སོ། །

དམ་ཆོས་གླིང་ནི། རྒྱལ་དབང་བྱང་ཆུབ་རྡོ་རྗེ། སི་ཏུ་པཎ་ཆེན། དཔལ་ཆེན་ཆོས་ཀྱི་དོན་འགྲུབ་སོགས་ཀྱིས་སྒྲུབ་པ་མཛད་མྱོང་།

ནམ་མཁའ་གསལ་དྭངས་ནི་རྒྱལ་བ་ཡབ་སྲས་རྣམ་པ་སྐྱོ་གསེང་དུ་ཕེབས་ས་མེ་ཏོག་སྣ་ཚོགས་བཀྲ་བའི་སྤངས་ལྗོངས་ཤིག་ཡིན།

རྡོ་རྗེ་གླིང་དགོན།

 འདམ་གཞུང་རྡོ་རྗེ་གླིང་བཙུན་དགོན།

བསམ་གཏན་དགའ་ཚལ་གླིང་ངམ་རྡོ་རྗེ་གླིང་དགོན་པ་ནི། དཔལ་རྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པ་གནས་ངེས་མེད་ལ་སྒྲུབ་པ་མཛད་པའི་སྐབས་སུ་སྤྱི་ལོ་1150ཡས་མས་གནས་འདིར་ཕེབས་ནས་སྒྲུབ་པ་མཛད། དེ་ནས་བཟུང་སྒྲུབ་པ་པོ་བར་མ་ཆད་པ་བྱུང་། དེ་རྗེས་རྒྱལ་བ་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་དགོན་པ་རྒྱ་སྐྱེད་གནང་བསམ་གཏན་དགའ་ཚལ་གླིང་ཞེས་མིང་འདོགས་གནང་མཛད། འཇང་གི་རྒྱ་གླིང་གིས་གཙོས་པའི་མཆོད་ཆ་དང་རྟེན་གསུམ་བྱིན་ཅན་དུ་མ་བསྩལ་གནང་ནས་ཀར་ལུགས་རྩ་གསུམ་སྒྲུབ་མཆོད་མང་པོ་གསར་འཛུགས་མཛད། བཙུན་མ་བཅུ་ཕྲག་མང་པོས་སྒྲུབ་པ་གཙོ་བོར་མཛད། རིག་གསར་གྱི་རྗེས་སུ་1984ལོར་སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་གྱང་རོལ་གྱི་ཁྲོད་དུ་དངོས་སུ་ཕེབས་ནས་ས་གཞི་བྱིན་རླབས། བསང་དང་གསེར་སྐྱེམས་ཚོགས་ཀྱི་འཁོར་ལོ་བསྐོར་བ་སོགས་མཛད་ནས་བསྐྱར་བཞེངས་དབུ་འཛུགས་གནང་། སྦྱིན་བདག་ལྷག་བསམ་ཅན་དང་དད་ལྡན་མང་ཚོགས། རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་བཅས་ཀྱིས་ད་ལྟའི་ཆར་དགོན་པའི་ཕྱི་ནང་གསང་གསུམ་ལེགས་པར་གྲུབ་ནས་གདན་ས་མཚུར་ཕུའི་གཟིགས་སྐྱོང་གི་འོག་ལ་བཙུན་མ་བདུན་ཅུ་ཙམ་གྱིས་བཤད་གྲྭ་སྒྲུབ་གྲྭ་ཚོགས་གཞུང་བཅས་ཀྱིས་བསླབ་པ་སློབ་གཉེར། ཚོགས་སྒྲུབ་མཆོད་སོགས་ཆོས་ཕྱོགས་ཀྱི་བྱ་བ་ལ་འབད་འབུང་བྱེད་བཞིན་མཆིས། ས་གནས་ལྷ་ས་འདམ་གཞུང་རྫོང་རྒྱས་དར་གཡང་ར། ལམ་ཐག ལྷ་ས་ནས་སྤྱི་ལེ་140 མཚོ་འཕགས་རྨིད།4500བཅས་ཡོད།

དགོ་ཡུལ་དགོན།

དགོ་ཡུལ་དགོན་གྱི་ལོ་རྒྱུས།

བོད་ལྗོངས་ས་དགའ་རྫོང་ཁོང་ཁྲང་མགོ་སྲིད་གཞུང་དགོ་ཡུལ་གྲོང་མཚོའི་སར་ཡོད་པའི་སྟོད་མངའ་རི་དགོ་ཡུལ་དགོན་པ་འདི་བཞིན་ཕྱག་འདེབས་པ་པོ་ནི། དགོ་ཡུལ་བ་ཡན་དཔོན་རྒྱུད་ཀྱི་རིགས་ལས་འཁྲུངས་པའི་བླ་མ་པདྨ་ཆོས་དབྱིངས་ཞུ་བ་ཁོང་གི་དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་ལ་ཕྱག་བཏབ་པར་གྲགས་ཤིང༌། དེ་ཡང་སྐུ་གཞོན་ནུའི་དུས་ནས་དབུས་ཕྱོགས་སུ་ཕེབས་ནས་༧རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་མཆོག་དང་ཆོས་དབང་སྤྲུལ་སྐུ་ལ་སོགས་པའི་སྐབས་དེ་དུས་ཀྱི་མཚུར་ཕུའི་བླ་མ་ཆེ་རྒུའི་རྣམས་ཀྱི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་ཁྲིད་ཀྱི་དམ་པ་ལེགས་པར་ནོད་དེ་རང་ཡུལ་དུ་ཕྱིར་ཕེབས་ནས། རི་ཁྲོད་འདིར་དགོན་པ་ཆུང་ཙམ་ཞིག་བཞེངས་གནང་། ཆབ་གཅིག་སྐུ་མཆེད་ཨ་ནེ་གཉིས་ལ་སོགས་པས་སྒྲུབ་པ་ཉམས་ལེན་ལ་ཐུགས་རྩེ་གཅིག་ཏུ་གཞོལ་ཞིང༌། དེ་རྗེས་གདན་ས་ཆེན་པོ་མཚུར་ཕུར་སྙན་སེང་ཞུས་འབྲས་བཀའ་མངགས་ལྟར་སྨན་སྡོང་དགོན་ནས་བླ་མ་ཞིག་གདན་དྲངས་ནས་ལོ་མང་རིང་བསྟན་འགྲོའི་དོན་ཆེན་མཛད་ནས་བཞུགས། དེའི་རྗེས་སུ་གདན་ས་མཚུར་ཕུ་རང་ནས་སྔ་རྗེས་བླ་རབས་གཉིས་ཕེབས། སྤྱི་ལོ་ ༡༩༥༥ ནང་ ༧ དཔལ་་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་ནས་༧སྐྱབས་རྗེ་བླ་མ་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་འདི་གའི་དགོན་གྱི་བླ་མར་གཏོང་གནང་མཛད་ཅིང༌། ཁོང་དེར་ཕེབས་རྗེས་ཟླ་ཤས་རྗེས་སུ་དུས་འགྱུར་རིག་གསར་སྐབས་སུ་སྤྱི་མཚུངས་བཞིན་རྩ་བརླགས་སུ་ཕྱིན། ལོ་མང་རྗེས་སུ་སླར་ཆོས་དད་རང་མོས་བྱུང་ནས་༡༩༨༢་ལོར་བླ་མ་ཆོས་ཀྱི་ཉི་མ་རིན་པོ་ཆེ་ཁོང་གི་ཐུགས་བསྐྱེད་མཛད་འཕྲིན་ལས་གཞུང་འབྲེལ་བཀའ་ཁྲོལ་ཐོབ་པ་དང་ཆབ་གཅིག་གདན་ས་འདི་བཞིན་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་ནས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་དུ་མཛད་ནས་ད་ལྟ་བར་བདག་ཅག་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དམ་པར་ལྷམ་མེར་བཞུགས་བཞིན་པ་ནས། དེ་རྗེས་ད་ལྟ་བླ་མ་བསྟན་འཛིན་འགྱུར་མེད་དང་། བླ་མ་ཐུབ་བསྟན་ལགས་དང་བླ་མ་ཚུལ་ཁྲིམས་རྒྱལ་མཚན་ལགས་སོགས་ནས་ཉེར་ལྔ་ཚེས་བཅུ་སོགས་དུས་ཀྱི་མཆོད་པ་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཡུན་ནས་ཡུན་དུ་གནས་པ་ལ་ཐུགས་ཁུར་དང་འདུལ་བྱ་འདས་གསོན་རྣམས་ལ་གང་ལ་གང་ཕན་གྱི་འགྲོ་དོན་སྐྱོང་བཞིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ་ཕུལ།།

ཚ་བ་ཡག་དགོན།

ཡག་དགོན། ས་གནས། ཆབ་མདོ་དཔའ་ཤོད་རྫོང་ཡེ་ཆེན་ཤང་ཡག་གྲོང་གི་ཚ་བ་སྒང་གུར་དཀྱིལ་ཐང་སྟོད་དུ་གནས་རི་གླང་ཆེན་འགྱིངས་འདྲའི་རི་གཤམ་དུ་གནས་ཡོད། གནས་འདིའི་རི་ལ་ཆོས་གོས་ལེའུ། ཐང་ལ་ཞབས་རྗེས་ཐང་། སྤང་ལ་དུང་དཀར་གཡས་འཁྱིལ། མདུན་རི་ལ་ཨ་ཡིག་རང་བྱོན་སོགས་ཡུལ་གྱི་བཀོད་པ་བཟང་བས་ཡག་ཅེས་ཟེར། ཡག་དགོན་མདོ་སྔགས་བཤད་སྒྲུབ་བཀྲ་ཤིས་རྒྱལ་མཚན་གླིང་ནི། སྒོམ་སྡེ་རི་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་རག་ཤི་མི་བོ་ཆེའི་བརྒྱུད་པ་ཀིལ་སྣ་རྟོགས་ལྡན་གཞོན་ནུ་འབྱུང་གནས་ཀྱིས་ཚ་བ་སྒྲོ་བྲག་དང་ཀིལ་སྣ་དགོན་བཅས་འདིར་རབ་བྱུང་དྲུག་པར་ཕྱག་བཏབ། དེ་སྐབས་འབའ་རོམ་བཀའ་བརྒྱུད་ཡིན། དགེ་འདུན་གྱི་སྡེ་སྟོང་ཕྲག་ལྷག་བྱུང་ཞིང་ཚ་བ་སྒང་སྟོད་སྨད་བར་གསུམ་གྱི་མཆོད་ཡོན་དུ་གྱུར། དེའི་བླ་རྒྱུད་ཡག་སྤྲུལ་སྐུ་ཕྲེང་དང་པོ་སྐེལ་སྣ་གཅོད་པ་ན་རའི་སྐབས་སུ་སྤྲུལ་བརྒྱུད་དང་། གདུང་རྒྱུད། བཙུན་དགོན་བཅས་ཀྱི་དགོན་པ་སོ་སོར་མཛད། ཡག་སྤྲུལ་སྐུ་ཕྲེང་གསུམ་པ་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་མདུན་དུ་ཕེབས་སྐབས་ཀརྨ་པས་ཕྲིན་ལས་ཀྱི་སྤྲུལ་པར་མངའ་གསོལ་མཛད། དེ་རྗེས་ཀམ་ཚང་གི་ཆོས་བརྒྱུད་དུ་གྱུར། དེ་སྐབས་གྲྭ་བཙུན་བརྒྱད་བརྒྱ་ལྷག་བྱུང་། སྐེལ་སྣའི་གདུང་རྒྱུད་དང་བླ་རྒྱུད་ཉི་ཤུ་ལྷག་དང་། ཡག་སྤྲུལ་སྐུ་ཕྲེང་བརྒྱད་བཅས་ཀྱི་བར་རིམ་པར་བྱོན་ནས་གདན་ས་ཡག་དགོན་དང་། བང་ཆེན་དགོན། འགྲོ་འདུལ་གླིང་བཅས་བསྐྱངས། བང་ཆེན་བླ་རབས་རིམ་བྱོན་ལས་སྒྲོལ་མ་ལྷ་ཁང་དུ་གྲུབ་དབང་བླ་མ་ཀརྨ་རྣམ་རོལ་དང་། བླ་མ་ཐབས་མཁས། བླ་མ་ཆོས་ལྡན་སོགས་རིམ་པར་བླ་བསྐོས་མཛད། རིག་གསར་སྐབས་དགོན་པ་ལ་གཏོར་བརླགས་ཚབ་ཆེན་བྱུང་ཡང་། སླར་ཡང་བསྟན་པ་ཡང་དར་གྱི་སྐབས་སུ་བང་ཆེན་བླ་རྒན་གཙོས་སྔར་གྱི་བླ་རྒན་ཉི་ཤུ་ལྷག་ལྷན་འཛོམས་མཛད་ནས་དེ་དག་གིས་ལྷག་བསམ་ལ་བརྟེན་ནས་ཕྱི་ལོ་༡༩༨༢ལོ་ནས་བཟུང་དགོན་འདིའི་བསྟན་པའི་མེ་རོ་སླར་ཡང་གསོ་བའི་དབུ་ཚུགས་ཤིང་ཡག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་བདུན་པའི་ཡང་སྲིད་ཁྲི་འདོན་མཛད། དེ་ནས་བཟུང་ཡག་སྤྲུལ་རིན་པོ་ཆེའི་ཐུགས་འགན་ཆེར་བཞེས་ཀྱིས་ད་ལྟའི་བར་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་འཆད་ཉན་གྱི་སྡེ་བཤད་གྲྭ་རྒྱུན་འཚོག སྒྲུབ་སྡེ་གྲུབ་བརྙེས་འཆི་མེད་དགའ་ཚལ་དུ་ཟབ་ལམ་ནཱ་རོ་ཆོས་དྲུག་གི་སྒྲུབ་རིས་ཆད་མེད་དང་། དགོན་གཞུང་ཚོགས་ཆེན་དུ་བླ་གྲྭ་རྣམས་ཀྱིས་ལོ་ཟླ་ལྟར་རྒྱུད་སྡེའི་དུས་མཆོད་དང་། སྒྲུབ་མཆོད། མགོན་པོའི་དགུ་ཆེན་ཉིན་བརྒྱད་དང་གར་འཆམ། དུང་སྒྲུབ་ཆེན་མོ་ཟླ་གསུམ་དང་དེ་རྗེས་དབང་ཆེན། དབྱར་གནས་དང་ཞིང་སྒྲུབ། དད་ལྡན་མང་ཚོགས་ལ་ཕྱག་ཆེན་སྔོན་འགྲོ བོད་ཟླ་དགུ་པར་ཀུན་རིག་སྨོན་ལམ་ཆེན་མོ་ཉིན་བདུན། དེ་རྗེས་ཞག་བརྒྱ་མཚམས་བསྡམས་མཛད་པ་སོགས་བཤད་སྒྲུབ་ལས་གསུམ་ཆ་ཚང་བའི་དགོན་སྡེ་ཞིག་གོ །

གསེར་སྡིངས་དགོན།

ཉང་རོ་གསེར་སྡིངས་དགོན། རྒྱང་རོ་གསེར་སྡིངས་པ་གཞོན་ནུ་འོད་ཀྱི་གདན་ས་ཉང་རོ་གསེར་སྡིངས་དགོན། དེང་དུས་གནས་ཡུལ། གཞིས་ཀ་རྩེ། ཁང་དམར་རྫོང་། གནས་རྙིང་དགོན་པ་དང་ཐག་ཉེར་མཆིས། རླང་རུ་གསེར་སྡིངས་ཟེར།

མར་ལུགས་གསང་བ་འདུས་པའི་བཀའ་སྲོལ་ལ་བཤད་སྒྲུབ་ཀྱི་མཛད་རྗེས་གནམ་འོག་ཏུ་འགྲན་ཟླ་བྲལ་བ། དུས་རབས་བཅུ་གཉིས་པའི་མཇུག་ཙམ་ལ་སུམ་པ་སྐྱིལ་མཁར་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། གཞོན་དུས་ནས་འདུལ་དཀར་གཞོན་ནུ་ཚུལ་ཁྲིམས་ལས་རབ་ཏུ་བྱུང༌། ཇོ་བོ་རྗེ་ནས་བརྒྱུད་པའི་ལམ་རིམ་མན་ངག་དང་བཅས་པ་མང་དུ་གསན་ཞིང་ཐུགས་ཉམས་སུ་ཡང་བབས། ཕྱིས་སུ་མཁན་པོ་གཙང་ནག་པ་སོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། འདུལ་བའི་སྐོར་ལ་སྦྱངས་པ་ཆེན་པོ་མཛད་དེ་འདུལ་འཛིན་ཆེན་པོར་གྱུར། རྗེ་སྒམ་པོ་པའི་དངོས་སློབ་ལོག་ཕུག་པ་ལས་ནཱ་རོ་ཆོས་དྲུག་དང༌། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས། ཤབ་ཀྱི་སྣ་རིངས་དང༌། མོན་གྱི་སྤ་གྲོ། བུམ་ཐང༌། གྲོ་བོ་ལུང༌། རྒྱལ་རྩིབས་རི་སོགས་གནས་ཆེན་མང་པོར་ཞབས་ཀྱིས་བཅགས། སེར་བུ་དབེན་ཚར་བཞུགས་ནས་གསེར་སྡིངས་དགོན་བཏབ། རྒྱས་འབྲིང་བསྡུས་གསུམ་ལས་མི་ཉུང་བའི་བསྟན་བཅོས་མང་དུ་མཛད། སློབ་མ་གྲགས་ཆེ་བ་ནི་མགར་གྲགས་པ་དབང་ཕྱུག་ཡིན།