སྟག་སྣ་དགོན།

གདན་ས་སྟག་སྣ་དགོན་ནམ་མཚན་གཞན་«སྟག་སྣ་བཤད་སྒྲུབ་ཆོས་འཁོར་གླིང་»ནི་བོད་ལྗོངས་རྣམ་གླིང་རྫོང་སྟག་སྣ་ཤང་སྟག་སྣ་གྲོང་ཚོའི་ཤར་ངོས་སུ་ཆགས་ཡོད་ཅིང་། རྣམ་གླིང་རྫོང་ནས་བྱང་ཕྱོགས་སུ་སྤྱི་ལེ་༡༧ཙམ་བསྐྱོད་ན་གཞི་ནས་གནས་དེར་སླེབས། དེར་རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་༤༡༠༠ལྷག་ཙམ་ཡོད། དགོན་དེ་ནི་རི་བོ་སྟག་གི་སྣ་དབྱིབས་འདྲ་བའི་སྟེང་དུ་ཕྱག་བཏབ་པས་མཚན་ལ་ཡང་སྟག་སྣ་དགོན་ཞེས་ཐོགས། གདན་ས་འདི་ནི་ཀཾ་ཚང་ཡབ་སྲས་བདུན་གྱི་ནང་ཚན་ཏྲེ་ཧོ་སྐུ་ཕྲེང་རིམ་བྱོན་གྱིས་མཛད་པ་ཕྲིན་ལས་བསྐྱངས་དང་སྐྱོང་གནང་སའི་གཙོ་བོའི་གནས་ཤིག་ཡིན་ཅིང་། དེ་ནི་ཐོག་མར་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་དུ་༧ཏྲེ་ཧོ་རིན་པོ་ཆེས་ཕྱག་བཏབ་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་གཙོ་བོའི་དགོན་སྡེའི་གྲས་ཤིག་ཡིན་པ་ནི་སྨོས་མེད་ཡིན། ད་བར་དུ་ཁྱོན་ལོ་ངོ་༥༠༠ཙམ་གྱི་ལོ་རྒྱུས་ལྡན་ཡོད་པར་སྣང་། རིག་གསར་གྱི་གོད་ཆག་ཁྲོད་ནས་སླར་ཡང་༧ཏྲེ་ཧོ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོས་ཕྱི་ལོ་༡༩༨༥ལོར་སྟག་སྣ་སྒྲོལ་མ་ལྷ་ཁང་ངམ་གཙུག་ལག་ཁང་འོག་མ་ཉམས་གསོ་གནང་བ་དང་། ཕྱི་ལོ་༡༩༩༡ལོར་ད་ལྟའི་གཙུག་ལག་ཁང་གོང་མ་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་དང་གསར་བཞེངས་གནང་བའི་བླ་ན་མེད་པའི་ཐུགས་རྗེའི་བདག་རྐྱེན་འོག་ད་ལྟ་སྔགས་ཕྱོགས་ནས་གསར་རྙིང་གི་རྒྱུད་སྡེ་ཁག་གི་མཐོང་བ་བརྒྱུད་པའི་ཕྱག་བཞེས་མ་ཉམས་པར་སྐྱོང་བཞིན་ཡོད་ལ། མདོ་ཕྱོགས་ནས་གསར་བུ་བ་རྣམས་ཀྱིས་དྭགས་པོའི་ལམ་རིམ་ཐར་རྒྱན་དང་བསྡུས་གྲྭ། གྲུབ་དོན་ས་གསུམ། དེ་བཞིན་བོད་ཀྱི་ཐ་སྙད་རིག་གནས་ཁག་ལ་ཐོས་བསམ་སློབ་གཉེར་གནང་བཞིན་མཆིས།

རབ་འབྱོར་དགོན།

༡གནས་མདོ་བཀའ་བརྒྱུད་རབ་འབྱོར་དགོན་ནི་གནས་མདོའི་ལུགས་ཀྱི་དགོན་སྡེ་ཆེ་ཤོས་ཤིག་སྟེ། ཁམས་སྟོད་ནང་ཆེན་ཟླ་རྒྱལ་གནས་རིའི་གཡས་ཕྱོགས་དང་རྫ་ཆུའི་འགྲམ་དུ་ཡོད།
སི་ཏུ་པདྨ་ཉིན་བྱེད་དབང་པོ། ཀརྨ་བདེ་ཆེན་སྙིང་པོ། འཛི་སྒར་རྡོ་གྲགས་རྣམ་པའི་བཀའ་ལུང་བཞིན་མེ་སྦྲུལ་སྤྱི་ལོ༡༧༩༧ ལོ་ལ་འཛི་སྒར་རྡོ་གྲགས་ཀྱིས་ས་འདུལ་མཛད་དེ་གནས་མདོ་ཀརྨ་བདེ་ཆེན་སྙིང་པོའི་སློབ་མ་གྲུབ་ཐོབ་རབ་འབྱོར་གྱིས་ཕྱག་བཏབ་ནས་རབ་འབྱོར་དགོན་ཞེས་བླ་མའི་མཚན་དགོན་པར་ཐོགས།
སི་ཏུ་རིན་པོ་ཆེའི་བཀའ་བཞིན་དུས་ངན་གཉན་ནད་བཅོས་ཐབས་སྨན་ཡིག་རལ་གྲི་ཚར་གཅོད་དང་རལ་གྲི་ཕྱུང་རྒྱག་མཛད། ༢ རབ་འབྱོར་སྐུ་ཕྲེང་གཉིས་པའི་སྐུ་ཚེའི་སྟོད་ནས་ལྷ་ཁང་ཆུང་བ་ཀ་བ་བརྒྱད་ཅན་གསར་བཞེངས་མཛད། མགོན་ཁང་ཡང་གསར་དུ་གྲོ་ལོད་ཁང་དང་མགོན་པོ་ཕྱག་བཞི་པའི་མགོན་ཁང་གཉིས་བཞེངས་པ་སོགས་ཀྱི་མཛད་རྗེས་མང་ངོ་། ། སྐུ་ཕྲེང་གསུམ་པས་ལྷ་ཁང་ཀ་བ་བཅུ་དྲུག་ཅན་དང་བཤད་གྲྭ་གསར་བཞེངས་མཛད་ནས་བླ་གྲྭ་སྟོན་འཁོར་ཉིས་བརྒྱ་ལྷག་ཙམ་བཞུགས་སྐབས་དུས་ངན་སྤྱི་ལོ༡༩༥༨ ལོར་ཟིང་འཁྲུག་ལངས་ནས་བླ་གྲྭ་བཅུ་གསུམ་རྒྱ་དམར་གྱི་མེ་མདའི་ཁྲོད་སྐུ་འདས་གྲོངས་སུ་ཤོར་ནས་དགོན་པའི་རྗེས་ཤུལ་ཙམ་ཡང་མེད་པར་གྱུར་ཏེ་མི་ལོ་ཉེར་ལྔའི་རིང་ལ་བདག་མེད་མགོན་མེད་ཡུལ་སྟོང་དུ་ལུས། སླར་ཡང་སྤྱི་ལོ༡༩༨༢ ལོ་ལ་རྒྱ་ནག་གཞུང་གིས་ཆོས་ལུགས་དད་པའི་རང་དབང་གི་སྒོ་མོ་ཕྱེས་ནས་རིམ་གྱིས་ད་བར་དུ་ཡར་རྒྱས་གྱི་རྣམ་པ་ཇེ་ལེགས་སུ་ཆགས་པ་རེད། སྒྲུབ་ཁང་དང་སྒྲུབ་གྲྭ་བཅས་ལའང་དར་རྒྱས་ཕུན་སུམ་ཚོགས་པ་རེ་ཡོད་པ་ཡིན། ད་སྐབས་དགོན་པའི་ནང་དུ་བཤད་གྲྭའི་གྲྭ་པ་མང་པོ་བཞུགས་ཡོད་ལ། གཞན་ཡང་རི་ཁྲོད་དང་ཆོས་སྡེ་ཁག་སོ་སོ་ལ་མཚམས་སྒྲུབ་གྲྭ་པ་བཅུ་ཕྲག་ཁ་ཤས་ཡོད་ཅིང་། ད་ཡོད་རྡོ་ནེ་དགེ་དགོན་ལ་བཙུན་མ་བཞི་བཅུ་ལྷག་ཙམ་དང་། བསམ་གཏན་ལྷུན་མཛེས་གླིང་ལ་བཙུན་མ་ཉིས་བརྒྱ་ཙམ་བཞུགས་ཡོད། ཁྱུང་ཚང་བཙུན་དགོན་དང་ཤ་ཆུང་པདྨ་ལྷ་ཚེའི་བཙུན་དགོན་དེ་ད་དུང་བསྐྱར་གསོ་མ་ཐུབ་པར་ལུས་ཡོད། ད་སྐབས་རབ་འབྱོར་དགོན་པའི་བསྐྱར་གསོའི་ཐད་ཀྱི་བྱ་བ་ཡོངས་རྫོགས་དེ་རབ་འབྱོར་སྐུ་ཕྲེང་བཞི་པས་ཐུགས་འགན་བཞེས་ཀྱིན་ཡོད་ལ། རྡོར་སློབ་ཉི་མ་བཀྲ་ཤིས་མཆོག་གིས་བླ་མའི་བཀའ་ལྟར་སྨི་བཞི་བརྒྱ་ཅན་གྱི་ལྷ་ཁང་དང་། སྨན་ཁང་། ཇ་ཁང་སོགས་ཀྱང་བཞེངས་ཡོད་པ་ཡིན། སྔར་བཞིན་བླ་མའི་དགོངས་བཞེད་ལྟར་དུ་གདུང་སྲས་བསྟན་འཛིན་འཇིགས་མེད་ཀྱིས་ཀྱང་བཤད་གྲྭ་དང་། དེའི་གྲྭ་ཤག ཟངས་མདོག་དཔལ་རི་སོགས་ཀྱང་བཞེངས་བསྐྲུན་བྱས་པ་ཡིན་ནོ། །

གཞུ་སྨད་གཡའ་རི་མི་འགྱུར་བདེ་གླིང་།

གཞུ་སྨད་གཡའ་རི་མི་འགྱུར་བདེ་གླིང་དགོན་ནི་བོད་རབ་བྱུང་ལྔ་པའི་ཤིང་ཡོས་སྤྱི་ལོ་༡༣༡༥ལོར་འབྲི་གུང་གདན་རབས་དགུ་པ་ཉེར་བརྒྱད་རྡོ་རྗེ་རྒྱལ་པོ་དགུང་ལོ་ལྔ་བཅུར་ཕེབས་སྐབས་ཕྱག་བཏབ་གནང་མཛད། དེ་ནས་གདན་རབས་ཉེར་བདུན་པ་རྗེ་ཆོས་ཀྱི་ཉི་མས་བོད་རབ་བྱུང་བཅུ་གསུམ་ལྕགས་ཀྱི་ལོ་སྟེ་སྤྱི་ལོ་༼༡༧༨༠༽ལོར་ཉམས་གསོ་རྒྱ་བསྐྱེད་བཏང་སྟེ་དགོན་མིང་དུ་གཡའ་རི་མི་འགྱུར་བདེ་གླིང་ཞེས་མཚན་གསོལ།
སྐྱབས་མགོན་ཞི་བའི་བློ་གྲོས་ཀྱི་བཀའ་བསྐུལ་བཞིན་འབྲི་གུང་ཉི་ལྕང་བཤད་གྲྭའང་ཐོག་མར་གནས་འདིར་ལོ་ལྔ་དྲག་ཙམ་བཙུགས། དེའི་ཐོག་མའི་སྐབས་འབྲི་གུང་གི་དགོན་པ་གང་ས་ནས་གྲྭ་པ་འདུས་ཡོད་པ་དང་ལྷག་ཏུ་དཔའ་ཆུང་རྡོ་རྗེ་འཆང་དང་གཡའ་རིའི་སྒྲུབ་ཐོབ་ཇ་དབང་བསྟན་འཛིན་སོགས་སྐྱེས་ཆེན་མང་པོ་ཞིག་གནས་འདི་ནས་ཐོས་བསམ་མཐར་ཕྱིན་མཛད་ནས་སྒྲུབ་ཐོབ་བསམ་གྱི་མི་ཁྱབ་པ་ཡང་བྱུང་མྱོང་ཡོད། ཕྱིས་སླར་ཡང་འབྲི་གུང་ཉི་ལྕང་ནང་བསྟན་སློབ་གླིང་ གནས་དེར་སླར་གསོ་མཛད་ནས་ མཁན་ཆེན་དམ་པ་དཀོན་མཆོག་རྣམ་རྒྱལ་གྱི་དབུས་ས་གསུམ་ན་གྲགས་པའི་གྲུབ་ཐོག་དགེ་སློང་བཀྲ་ཤིས་རབ་བརྟན་སོགས་མཁས་དབང་མང་པོའི་སློབ་གཉེར་གནང་སའི་བཤད་གྲྭ་དེའི་རྒྱུན་ཡང་ད་ལྟ་གནས་དང་གནས་བཞིན་ཡོད།
 ཟབ་ལམ་བླ་སྒྲུབ་ཉམས་བཞེས་གཙོ་བོར་བྱེད་པའི་སྒྲུབ་གྲྭའང་རྒྱས་པར་མཛད་ནས་འཕྲིན་ལས་བསམ་གྱི་མི་ཁྱབ་པར་གནས་པར་གྲགས་སོ།།

སེ་ན་དགོན།

སེ་ན་དགོན་འགྲོ་མགོན་འཕགས་པ་གླིང་ནི་་ཀརྨ་པ་དུས་གསུམ་མཁྱེན་པའི་དངོས་སློབ་ཀརྨའི་གདན་རབ་བཞི་པ་མཁས་པ་དབང་གི་རྡོ་རྗེའི་སྐུ་དུས་སུ་བཏབ་ཅིང་དེས་སྐབས་སུ་བསྟན་པ་ཤིན་ཏུ་རྒྱས་པའི་དུས་ཡིན་པས་ཕ་ཁུངས་ཡུལ་དགོན་བཅོ་བརྒྱད་ཅེས་གྲགས་དུས་ཕྱིས་སོགས་པོས་དཀར་བསྟན་བརླགས་སྐབས་ཉམས་རྒུད་སུ་གྱུར་ནས་རིང་དུ་ལུས་་སླར་བསྟན་པ་ཡང་དར་སྐབས་སུ་༧སྐྱབས་རྗེ་བླ་མ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་ཡུལ་འདིར་ཐུག་སྒྲུབས་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་དང་སྨྱུང་གནས་ཞིང་སྒྲུབས་སོགས་དང་དབྱར་དུས་སུ་ཡུལ་གྱི་སྤྱི་རིམ་བསང་དང་ས་བདག་འཁྲུག་བཅོས་རི་བསྟོད་སྒྲོལ་མའི་གཡུལ་ཟློག་གཅོད་ཕུན་སུམ་འཚོགས་པའི་མེ་མཆོད་སོགས་ལོ་དུས་མཆོད་ལྟར་གཙུགས་ཤིང་ སྤྱི་ལོ ༡༩༩༥ ལོ་ཁམས་བརྩེགས་མཆོད་རྟེན་སོགས་བཞེངས་ཤིང་བསྟན་པ་སླར་གསོ་མཛད། ད་ལྟ་ཡང་ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པ་ ཁམས་ནང་ཆེན་ཇ་པ་དགོན་པའི་དགོན་ལག་ཞིག་ཡིན།
ས་གནས་ཁམས་ནང་ཆེན་སྤྲེལ་ཚྭ་ཕ་ཁུངས་སུ་ཡོད།

བཀྲ་ཤིས་ལྷ་ཚལ་གཡང་འཁྱིལ་གླིང་།

༈ བཀྲ་ཤིས་ལྷ་ཚལ་གཡང་འཁྱིལ་གླིང་ནི། མགར་ཆེན་ཕྲིན་ལས་ཡོངས་ཁྱབ་ཀྱི་ཐུགས་སྲས་མགར་གྲུབ་ཆེན་འཆི་མེད་རྡོ་རྗེ་དང་༧སྐྱབས་མགོན་སངས་རྒྱས་བསྟན་འཛིན་རྣམ་གཉིས་ཀྱིས་མདོ་ཁམས་གཞུང་དུ་ཆོས་འཁོར་བསྐོར་སྐབས་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་སྐུ་ལྷ་མདོ་ཁམས་སྐུ་རྒྱལ་ཤེ་ནེས་མགར་གྲུབ་ཆེན་འཆི་མེད་རྡོ་རྗེ་ལ་ཟལ་མོ་སྒང་དུ་དགོན་པ་བཏབ་ན་བསྟན་འགྲོར་ཕན་པར་ལུང་བསྟན་པ་བཞིན་སྤྱི་ལོ་༡༩༢༥ལོར་གཙུག་ལག་ཁང་དང་ཕྱི་ནང་གི་བརྟེན་དང་རྟེན་པར་བཅས་པ་ལེགས་པར་བཞེངས། བཀྲ་ཤིས་ལྷ་ཚལ་གཡང་འཁྱིལ་གླིང་ཞེས་མཚན་གསོལ། བཙུན་མ་ལྔ་བརྒྱ་ཙམ་འདུས། སྒྲུབ་ཐེངས་རེར་བཙུན་མ་བརྒྱ་རེ་ཙམ་བཞུགས། སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱས་པར་གྱུར། རིག་གསར་གྱི་སྐབས་སུ་རྩ་བརླག་བྱས།སྤྱི་ལོ་༡༩༨༥ལོར་༧སྐྱབས་མགོན་སངས་རྒྱས་བསྟན་འཛིན་གྱིས་སླར་གསོ་གནང་བར་བཞེད་པ་དེ་སྤྱི་ལོ་༡༩༨༧ལོར་ད་ལྟའི་དགོན་གནས་འདིར་སླར་གསོ་གནང་། བཀྲ་ཤིས་ལྷ་ཚལ་གཡང་འཁྱིལ་གླིང་ཞེས་མཚན་གསོལ། མཚོ་རྒྱལ་དགོན་ནང་དུ་གདན་དྲངས། བླ་མ་རིན་པོ་ཆེའི་ཐུགས་ཁུར་གནང་སྟེ་ལོ་རེ་བཞིན་ཐུགས་སྒྲུབ་འཚོགས། སྒྲུབ་ཁང་དུ་འཇམ་མགོན་ཆོས་ཀྱི་སེངྒེས་ཤངས་པའི་ཆོས་སྐོར་ཉམས་བཞེས་དགོས་པའི་ཞལ་བཀོད་ལྟར་ཡང་ཁྲོད་ཙཱ་འདྲའི་ཕྱག་བཞེས་ལྟར་མཛད། སྤྱི་ལོ་༢༠༠༨ལོར་གཙུག་ལག་ཁང་རྒྱ་བསྐྱེད་བྱས། སྤྱི་ལོ་༢༠༡༤ལོར་སྒྲུབ་ཁང་རྒྱ་བསྐྱེད་དང་ལེགས་བཅོས་གནང་། ཕྱི་ནང་གི་བརྟེན་དང་རྟེན་པ་མ་ཚང་བ་མེད་པ་བཞུགས། སྔར་གྱི་དུས་མཆོད་རྣམས་མ་ཉམ་པའི་ཐོག་ནས་སྒྲུབ་བརྒྱུད་བསྟན་པའི་སྙིང་པོ་ཉམས་བཞེས་གནང་བའི་གནས་དམ་པར་གྲུབ་བོ། །