འོད་དཀར་དགོན།

འོད་དཀར་དགོན་ནི་བོད་ལྗོངས་གཞིས་ཀ་རྩེ་ས་གནས་ངམ་རིང་རྫོང་གཞུང་པ་ཤང་ཁོངས་སུ་གནས། སྔོན་འབྲི་གུང་བཀའ་བརྒྱུད་ཡིན་ཕྱི་ལོ་༡༩༠༩ཙམ་ལ་གྲུབ་ཆེན་པདྨ་རིན་ཆེན་གྱིས་ཕྱག་བཏབ་མཛད། གྲུབ་ཆེན་ཁོང་སྐེམ་པ་ལ་བྱོན་དུས་འོད་ཟེར་དཀར་པོ་ཞིག་དང་ལྷན་དུ་ཨོཾ་མ་ཎི་པདྨེ་ཧཱུྃ་ཟེར་བའི་སྒྲ་ཞིག་བྱུང་བ། དེ་བསྟན་འཛིན་པདྨ་འོད་ཟེར་མཆོག་ལ་ཞུས་པས་དེ་ནི་ལུང་བསྟན་ཡིན་ཏེ་ཁྱེད་ཀྱི་འགྲོ་དོན་འོང་གསུངས། རྗེས་སུ་གྲུབ་ཆེན་པདྨ་རིན་ཆེན་མཆོག་ནས་མུན་ཁང་ཞིག་དང་རྟེན་སོགས་གང་མང་བཞེངས། ཕྱིས་སུ་ཚོ་དཔོན་རྣམ་ཁང་ནས་ལ་རྒྱབ་མཚམས་པའམ་མཐོང་གླིང་པདྨ་འོད་ཟེར་ཉིད་གདན་འདྲེན་ཞུས་ནས་གཅོད་འདུལ་གདུག་པ་ཚར་གཅོད་ཅིག་གསུངས་བས་ཡུལ་ཁམས་བདེ། ཡོན་བདག་རྣམས་ཤིན་ཏུ་དད་པར་གྱུར། འོད་དཀར་དགོན་དུ་མཐོང་གླིང་དགོན་ནས་གྲུབ་ཆེན་པདྨ་རིན་ཆེན་གྱིས་གཙོས་བླ་གྲྭ་བཅོ་བརྒྱད་ཙམ་བྱོན་ནས་བཞུགས། སྤྱི་ལོ་༡༩༥༠ཙམ་ལ་པདྨ་སངས་རྒྱས་ཉིད་བླ་མའི་བཀའ་ལྟར་འོད་དཀར་དགོན་ལ་ཕེབས་ནས་དགོན་དེའི་བརྒྱུད་འཛིན་མཛད་ནས་དུས་མཆོད་སྒྲུབ་སྐོར་རྣམས་མ་ཉམས་པར་བྱས། རྗེས་སུ་ཡུལ་དེའི་སྔགས་པ་ངག་དབང་ལགས་ཀྱིས་ད་བར་མི་ཉམས་གོང་འཕེལ་མཛད་དོ།། ད་ལྟའང་བླ་གྲྭ་རྣམ་པས་སྒྲུབ་པ་ཉམས་ལེན་གྱི་རྒྱུན་བཟུང་ནས་བཞུགས་པ་ལགས་སོ།།

སྙེ་མོ་ཁུ་སྒོམ་བཙུན་དགོན།

      ཁུ་སྒོམ་གནས་བརྟན་དགོན་པ་ནི། གཅོད་ཀྱི་བླ་བརྒྱུད་གསོལ་འདེབས་སྐབས། གནས་སྙེ་མོ་ཁུ་ཡི་ར་བ་ན། །ཁུ་སྒོམ་ཆོས་ཀྱི་སེང་གེ་ལ་གསོལ་བ་འདེབས།།ཞེས་གསུངས་པ་ལྟར་གཅོད་ཀྱི་བཀའ་བབས་བུ་ཆེན་བཅུ་དྲུག་གི་ཡ་གྱལ། ཁུ་སྒོམ་ཆོས་ཀྱི་སེང་གེ་དེ་ཉིད་སྤྱི་ལོ་1140ཡས་མས་སུ་མ་ཅིག་གིས་ལུང་བསྟན་པ་ལྟར་མ་ཅིག་གི་སྐུ་ཡི་རང་བྱོན་དུ་གྲགས་པ་རི་འདིའི་མགུལ་དུ་ཕེབས་ནས་ཐུགས་ཀ་ལ་སྒྲུབ་ཕུག་བཅས་ནས་སྒྲུབ་པ་ཡུན་རིང་མཛད། སློབ་ཚོགས་མང་པོ་འདུས་ནས་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་བསྟན་པ་སྤེལ། དེའི་རྗེས་སུ་རྒྱལ་བ་ཀརྨ་པ་རང་བྱུང་རྡོ་རྗེ་གནས་འདིར་ཕེབས་ནས་སྒྲུབ་པ་མཛད། གཅོད་ཡུལ་གྱི་བསྟན་པ་དག་ཐེར་གནང་ནས་བཟུང་གནས་མཆོག་འདི་ཡང་ཀརྨ་ཀམ་ཚང་ལུགས་སུ་གྱུར། དེ་རྗེས་རིམ་བཞིན་བཙུན་དགོན་དུ་གྱུར་ནས་ཞི་བྱེད་ཀྱི་བསྟན་པ་བསྐྱངས། རིག་གསར་གྱི་རྗེས་སུ་དད་ལྡན་མང་ཚོགས་ཀྱི་རེ་བ་ལྟར་བཙུན་མ་རྒན་གྲས་རྣམས་ཀྱིས་འགན་འཁུར་ནས་སྤྱི་ལོ་1989 ལོར་འགོ་བཙུགས་ནས་རིམ་བཞིན་དགོན་པའི་རྟེན་བརྟེན་པ་དང་བཅས་པ་ལེགས་པར་གྲུབ། ད་ལྟའི་ཆར་བཙུན་མ་བཅུ་གྲངས་གཉིས་ལ་ཉེ་བ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་གཟིགས་པ་དང་བདག་སྐྱོང་འོག་ཏུ་འཚོ་ཞིང་ཆོས་སྤྱོད་ཀྱི་བྱ་བར་བརྩོན་བཞིན་མཆིས་སོ།།

སྙེ་མོ་གནས་ཡུལ་སྒྲོལ་མ་ཕུག་བཙུན་དགོན།

       ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྙེ་མོ་ཡུལ་ཤོག་གནས་ཡུལ་གྲོང་ཚོར་ཡོད་པའི་གནས་ཡུལ་དགོན་པ་ནི།  ཐོག་མར་༧ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་གནས་འདིར་ཕེབས་ནས་ཁོང་གིས་ཐུགས་དམ་ལྔ་ཚན་ལྔའི་ཡ་གྱལ་སྒྲོལ་མ་ལྷ་ལྔའི་སྒྲུབ་པ་མཛད་སྐབས་སྒྲོལ་མ་ལྷ་ལྔའི་ཞལ་གཟིགས་ཐོབ་པར་བརྟེན་ཕུག་པ་དེར་སྒྲོལ་མ་ཕུག་ཞེས་གྲགས།    དེ་རྗེས་གྲུབ་ཐོབ་སྙེ་མོ་བ་དངོས་གྲུབ་རྒྱལ་མཚན་ཡང་གནས་འདིར་སྒྲུབ་པ་ཡུན་རིང་དུ་མཛད། དུས་དེ་ནས་བཟུང་སྒྲུབ་པ་པོ་བར་མ་ཆད་དུ་བྱུང་། དེ་རྗེས་སྐྱབས་རྗེ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ་མཆོག་མཚུར་ཕུའི་རི་ཁྲོད་སོགས་གནས་ངེས་མེད་དུ་སྒྲུབ་པ་ལ་ཕེབས་ནས་དུས་ཚོད་ཕལ་མོ་ཆེ་དུར་ཁྲོད་ཁོ་ན་ལ་སྒྲུབ་པ་མཛད་པས་དུར་ཁྲོད་བླ་མ་ཞེས་གྲགས་པ་རྒྱས་ནས་སློབ་མ་ཉམས་ལེན་པ་མང་པོ་འདུས་སྐབས་སྙེ་མོ་བྱིའུ་མདོ་དགོན་པའི་བཙུན་མ་རྣམས་ཀྱིས་གསོལ་བ་བཏབ་པ་ཇི་བཞིན་སྤྱི་ལོ་1950 ཡས་མས་སུ་གནས་འདིར་ཕེབས་ནས་ལོ་ངོ་གསུམ་ལ་འདག་སྦྱར་མཛད་སློབ་མ་རྣམས་ལ་སྒོམ་ཁང་དང་འདུ་ཁང་ཆུང་ངུ་ཞིག་བཞེངས་ནས་བླ་སློབ་ཀུན་གྱིས་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་མཛད། རིག་གསར་གྱི་རྗེས་སུ་དད་ལྡན་མང་ཚོགས་ཀྱི་རེ་བ་ལྟར་མཁན་རིན་པོ་ཆེས་བཙུན་རྒན་མ་ཆོས་སྒྲོན་ལྷ་མོ་ཆེད་གཏོང་གནང་ནས་རིམ་ཁག་སྲིད་གཞུང་གི་ཐུགས་ཁུར་དང་དད་ལྡན་མང་ཚོགས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་འོག་སྤྱི་ལོ་1984ལོར་དབུ་བཙུགས་ནས་དགོན་འདིའི་རྟེན་བརྟེན་པ་དང་བཅས་པ་ཡོངས་རྫོགས་གྲུབ་ནས་ད་ལྟའི་ཆར་མཚུར་ཕུ་མཆོད་ཁང་གོང་གི་གཟིགས་སྐྱོང་འོག་བཙུན་མ་ཉི་ཤུ་ཡས་མས་ཀྱིས་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་དང་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་རྩ་གསུམ་སྒྲུབ་མཆོད་སོགས་མཐོང་རྒྱུན་ཇི་བཞིན་དུ་ཉམས་སུ་ལེན་བཞིན་མཆིས་སོ།།

སྙེ་མོ་དབེན་ཕུག་བཙུན་དགོན།

      གཞུའི་གྲ་མ་གྲུ་བཞི་དང་འདབ་འབྲེལ་བའི་དབེན་ཕུག་དགོན་ནི། རྒྱལ་བ་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་གྲ་མ་གྲུ་བཞིར་སྒྲུབ་པ་ལ་བཞུགས་སྐབས་སྤྱི་ལོ་ ༡༤༨༤ ལོར་ཕྱག་བཏབ། སློབ་མ་ལྔ་བཅུ་ཙམ་གྱིས་སྒྲུབ་པ་མཛད། དེ་རྗེས་སྤྱི་ལོ་1730 ཡས་མས་སུ་རྒྱལ་དབང་ཀརྨ་པ་བཅུ་གཉིས་བྱང་ཆུབ་རྡོ་རྗེས་དགོན་པ་རྒྱ་སྐྱེད་མཛད་དེ་རྟེན་གཙོ་བྱིན་ཅན་གནང་བ་སོགས་མཛད། དེ་རྗེས་སྤྱི་ལོ་༡༩༤༠ ལོར་མཚུར་དགོན་གཞིས་སྡོད་ལྕགས་རོང་གཞིས་ཀའི་སྦྱིན་བདག་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་སྲས་མོ་ངེས་དོན་ལགས་ཀྱིས་ཉིད་ཀྱི་མགུལ་རྒྱན་སོགས་རྒྱན་ཆ་ཚོང་བསྒྱུར་གནང་བའི་རིན་དོད་ཀྱིས་འདུ་ཁང་འོག་མ་ཀ་བཞི་མ་སོགས་དགོན་པའི་ཕྱི་ནང་གསང་གསུམ་རྒྱ་སྐྱེད་གནང་ནས་བཙུན་མ་ལྔ་བཅུ་ཙམ་གྱིས་ཆོས་སྤྱོད་ཀྱི་བྱ་བ་སྤེལ། དེ་སྐབས་སྤྱི་ལོ་ ༡༩༤༦ ལོ་བོད་ཟླ་༡༠ ཚེས་ ༩ ཉིན་དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེ་དགོན་འདིར་ཞབས་ཀྱི་རེ་ཁ་བཀོད་དེ། རྟེན་གསུམ་འདེགས་འབུལ་སྔོན་དུ་སོང་བས་རྗེ་ཉིད་ཀྱིས་བཙུན་མ་རྣམས་ལ་གནམ་ཆོས་འོད་དཔག་གི་བཀའ་དབང་དང་ལུང་ཁྲིད་རྒྱས་པ། བདེ་ཆེན་ཞིང་བཀོད་ཀྱི་ཐང་ཀ་སྤུས་ལེགས་མ་སོགས་གསོལ་རས་གྱ་ནོམ་པ་བསྩལ། ཕྱིས་རིག་གསར་གྱིས་དགོན་པ་གྱང་རོར་གྱུར་སྐབས་སུ་ཡང་རྒྱལ་དབང་བཅུ་དྲུག་པའི་བཞུགས་སའི་ས་ཁྲིའི་སྟེང་དུ་འབྲས་བུ་ཅན་གྱི་ཤིང་སེ་བ་ཞིག་སྐྱེས་པ་ལ་མུན་བསྐལ་གྱི་དུས་སུ་དད་ལྡན་རྣམས་ཀྱིས་སེམས་ཀྱི་གསོལ་བ་འདེབས་ས་ཞིག་ཏུ་བརྩིས་པས་ཤིང་དེ་ད་ལྟ་ཡང་མཇལ་རྒྱུ་ཡོད། བསྟན་པ་བསྐྱར་དར་གྱི་སྐབས་སུ་དད་པ་དང་ལྷག་བསམ་དཀར་བའི་ཡུལ་མི་རྣམས་དང་གདན་ས་མཚུར་ཕུའི་བླ་གྲྭ་འགའ་ཡི་རྒྱབ་སྐྱོར་འོག་སྤྱི་ལོ་༡༩༩༤ ལོར་དབུ་བཙུགས་ནས་ད་ལྟའི་ཆར་དགོན་འདིའི་རྟེན་བརྟེན་པ་དང་བཅས་པ་ཡོངས་རྫོགས་གྲུབ་ནས་བཙུན་མ་བཅུ་ལྷག་ཙམ་གྱིས་གདན་ས་མཚུར་ཕུའི་ཕྱག་བཞེས་ཇི་བཞིན་བསྟན་པ་འཛིན་སྐྱོང་སྤེལ་བཞིན་ཡོད། དབེན་ཕུག་དགོན་ནས་བྱང་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་གྱི་སར་ཕྱིན་ན་པཎ་ཆེན་ནཱ་རོའི་གསུང་སློབ། རྗེ་དུས་མཁྱེན་གྱི་བླ་མ་རྫོང་པ་བཞུགས་སའི་རྫོང་དགོན་པ་ཆགས་ཡུལ་གྱི་རི་འབོར་ཡང་མཇལ་རྒྱུ་ཡོད།