འབྲི་གུང་ཡང་རི་སྒར་དགོན་ནམ་ཡང་སྒར་ཐུབ་བསྟན་སྡེ་བཞི་རབ་རྒྱས་གླིང་ནི་འབྲི་གུང་གདན་རབས་བཅོ་བརྒྱད་པ་རྒྱལ་དབང་རིན་ཆེན་ཕུན་ཚོགས་ཀྱིས་རབ་བྱུང་དགུ་པའི་ཤིང་རྟ་ལོ་སྤྱི་ལོ་༡༥༣༤ལོར་གཞོ་སྨད་སྤྲོ་ལུང་དུ་ཡབ་ཀྱི་གཞི་ཀར་ཕྱག་བཏབ་པ་ཞིག་ཡིན། འདི་ཉིད་ནི་འབྲི་གདན་གསུམ་གྱི་ཡ་གྱལ་གཅིག་ཡིན་ཅིང་དགོན་འདིར་འཇང་དང་། ལ་དྭགས་སོགས་ཀྱི་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་སྡེའི་བཙུན་པ་རྣམས་འདིར་ཕེབས་ཏེ་ཐོས་བསམ་བྱ་གི་ཡོད་ལ་དགོན་པ་དེ་དག་གི་རྡོར་འཛིན་མཁན་པོ་ཡང་དགོན་པ་འདི་ནས་མངགས་ཀྱི་ཡོད། དགོན་འདིར་འབྲི་གུང་བཀའ་བརྒྱུད་ཀྱི་མདོ་སྔགས་རིག་གནས་ཀུན་ཐོས་བསམ་བྱས་ཏེ། ཐེལ་ཡང་རི་ནུབ་དང་། གཡའ་མ་རི་སོགས་ཀྱི་སྒྲུབ་གྲྭ་ཁག་ཏུ་ཆོས་དྲུག་ལ་སོགས་ཉམས་ལེན་དུ་མཚམས་པར་ཕེབས་ནས་ཚེ་དང་སྒྲུབ་པ་མཉམ་པ་ཚ་ཕུག་རྡོར་དཔལ་དང་རྗེ་ཆོས་སྐྱབས་སོགས་སྐྱེས་ཆེན་མང་པོ་ཞི་བྱུང་ཡོད། དེ་བཞིན་དུ་སྨན་རྩིས་ལ་ཐོས་བསམ་བྱས་ཏེ། སྨན་པ་ཡང་དཀོན་མཆོག་འགྲོ་ཕན་དབང་པོ་སོགས་མང་དག་ཅིག་ཐོན་ཡོད། གནས་འདིར་ཀུན་མཁྱེན་ཆོས་གྲགས་ཚུན་ཆད་ནས་སྐྱབས་མགོན་རྣམ་པའི་དབྱར་ཁའི་བཞུགས་གནས་གཙོ་བོ་ཡིན་ཅིང་འབྲི་གུང་པའི་བྱ་བ་ཆེ་ཕྲ་ཡོངས་རྫོགས་དགོན་འདིས་འགན་འཁུར་གྱི་ཡོད།
ད་ལྟ་ཡང་སླར་གསོ་ཐུབ་ནས་ཀྱང་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་དགོངས་གཙོ་བོར་བྱས་པའི་སློབ་གཉེར་བྱ་སའི་བཤད་གྲྭ་དང་། བདེ་མཆོག་སོགས་མར་ལུགས་ཀྱི་རྒྱུ་སྡེའི་ཉམས་ལེན་བྱ་སའི་གྲྭ་ཚང་རྟེན་དང་བརྟེན་པར་བཅས་གནས་ཡོད་དོ། །
Month: July 2020
ཕུ་ལུང་དགོན།
ཕུ་ལུང་དགོན་གྱི་ལོ་རྒྱུས་མདོར་བསྡུས། ཕུ་ལུང་དགོན་ནི་བོད་ལྗོངས་ཉི་ཁྲི་ས་ཁུལ་སྤོ་བོ་རྫོངས་ཆུ་མདོ་གྲོང་བརྡལ་གྲུབ་ཤིས་གྲོང་ཚོའི་ས་ཁོངས་སུ་་གནས་ཤིང་། ཕྱག་འདེབས་པ་པོ་འབྲི་གུང་སྐྱོབས་་པ་འཇིག་བརྟེན་གསུམ་མགོན་གང་གི་ཐུགས་ཀྱི་བུ་སློབ་དམ་པ་གྲུབ་ཆེན་མགར་དམ་པས་རབ་བྱུང་༤བོད་ལྕགས་བྱི་སྤྱི་ལོ་༡༢༤༠ལོར་ཕྱག་འདེབས་ཤིང་། འབྲི་གུང་བཀའ་བརྒྱུད་གྱི་རིང་ལུགས་འཛིན་པའི་གྲུབ་ཐོབ་ཀྱི་རྒྱུན་མ་ཆད་པའི་གདན་རབ་བཅུ་གསུམ་ཙམ་བུ་དགོན་ལྔ། བཤད་བསྒྲུབ་ཀྱི་སྡེ་གཉིས་བཅས་བྱུང་དུས་ཕྱིས་སུ་་ཉམས་གུད་དུ་སོང་བས་ཀརྨ་པ་དབང་ཕྱུག་རྡོ་རྗེས་ཞྭ་སྒམ་སྐུའི་སྐྱེ་བ་བསྟན་དགོན་འདིར་མངའ་གསོལ་ནས་ཀརྨ་བཀའ་བརྒྱུད་པའི་ཆོས་བརྒྱུད་དུ་འཛིན། ཕྱིས་སུ་བོད་གཞུང་སྤྱི་ཡི་བཀའ་མངགས་ལྟར་དཔལ་སྤུངས་སི་ཏུ་ཡིས་དགོན་གཞིས་བསྐྱངས་ནས་ཡུན་རིང་མ་འགོར་བར་་་བོད་ཁམས་སྤྱི་ཉམས་ཆགས་འོག་རྩ་མེད་དུ་འཐོར་སླར་༡༩༨༥ལོར་ཉམས་གསོ་མཛད་ནས་ད་བར་ལོ་༤༥ཙམ་གྱི་རིངབསྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཆོས་་བརྒྱུད་འཛིན་པའི་འདུས་སྡེ་དང་དགོན་པའི་འདུ་ཁང་། བསྒྲུབ་གྲྭ། ཕུ་ལུང་གསེར་ཁང་། གྲྭ་ཤག་བཅས་ཉམས་གསོ་ཐུབ་ནས་བསྒྲུབ་བརྒྱུད་གི་བསྟན་པ་བསྐྱངས་བཞིན་གནས་ཡོད།།
ཕུ་རྫོང་དགོན།
གཙང་ལྗོངས་གཡས་རུ་ཤངས་ཀྱི་ཕུ་(ཕུག་)རྫོང་དགོན་ནི་བོད་ལྗོངས་གཞིས་ཀ་རྩེ་ས་གནས་རྣམ་གླིང་རྫོང་རྒྱ་མཚོ་ཤང་སྤེ་སྐྱ་གྲོང་ཚོའི་ཕུ་རུ་ཆགས་ཡོད་ཅིང་། དགོན་དེ་ནི་སྔོན་དུས་ཀྱི་ཕུག་རྫོང་ཞེས་པའི་རྫོང་མིང་དགོན་པར་ཐོགས་པས་ཕུག་རྫོང་དགོན་ནམ། ཡང་ན། སྤེ་སྐྱ་གྲོང་ཚོའི་ཕུ་རུ་རི་བོ་གླང་ཆེན་འགྱིང་འདྲའི་རྣ་ཅོག་གཡས་ཀྱི་ངོས་སུ་ཆགས་པས་ཕུ་རྫོང་དགོན་ཞེས་ཐོགས་པར་སྣང་། དགོན་པ་དེ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་དུ་ཏྲེ་ཧོ་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་དཔག་བསམ་དབང་པོས་ཕྱག་བཏབ་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཙུན་མའི་དགོན་པ་ཞིག་དང་། ད་ལྟ་ཡང་ཆོས་བརྒྱུད་ནི་རང་སོར་གནས་ཡོད་ཅིང་། ཁྱོན་མི་ལོ་༥༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ལ། དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱི་ཁྲོད་གདན་ས་རྩ་འཐོར་དུ་ཕྱིན། ཏྲེ་ཧོ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་བླ་མེད་ཀྱི་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོ་༡༩༨༧ལོ་ནས་བཟུང་དགོན་དེ་བསྐྱར་བཞེངས་མཛད་རྒྱུའི་དབུ་བཙུགས། དེ་ནས་བཟུང་ད་ལྟ་བར་གཙུག་ལག་ཁང་ཀ་བ་བཅུ་གཉིས་ཅན་ཞིག་དང་། སྟེང་ཤོད་དུ་ཏྲེ་ཧོ་རིན་པོ་ཆེའི་གཟིམས་ཆུང་། སྒོ་འཕྱོར་ཀ་བ་བཞི་ཅན། བཀའ་འགྱུར་ལྷ་ཁང་། སྒྲོལ་མ་ལྷ་ཁང་། དེ་བཞིན་དཔེ་མཛོད་ཁང་དང་། དཔེ་ཁྲིད་ཁང་བཅས་ཀྱི་རྟེན་དང་བརྟེན་པར་བཅས་པ་བསྐྱར་བཞེངས་ལེགས་པར་གྲུབ།
དཀར་ལྕོག་དགོན།
དཀར་ལྕོག་དགོན་ནམ་མཚན་གཞན་«དཀར་པོ་ལྕོག་སྒར་ངེས་དོན་དར་རྒྱས་གླིང་»ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་དཀར་ལྕོག་གྲོང་ཚོའི་ཁོངས་སུ་ཆགས་ཡོད་ཅིང་། རིན་སྤུངས་རྫོང་ནས་རྒྱལ་ལམ་༣༡༨བརྒྱུད་དེ་སྤྱི་ལེ་༡༨ཙམ་བསྐྱོད་ན་དགོན་གནས་དེར་སླེབས། དེར་རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་༣༨༠༠ལྷག་ཙམ་མཆིས། དཀར་པོ་ལྕོག་ནི་དགོན་མིང་ཡུལ་ལ་ཐོགས་པར་གྲགས།
དགོན་དེ་ནི་ཐོག་མར་རིན་སྤུངས་ཆོས་རྒྱལ་གྱི་བཙུན་མོའི་གཞིས་ཀ་ཡིན་ཅིང་ཕྱིས་སུ་རིན་སྤུངས་ཆོས་རྒྱལ་གྱིས་ཏྲེ་ཧོ་སྐུ་ཕྲེང་གཉིས་པ་དཔག་བསམ་དབང་པོར་ཏྲེ་ཧོའི་བླ་བྲང་དུ་ཕུལ། དེ་ནས་བཟུང་ཀཾ་ཚང་རྒྱལ་བ་ཡབ་སྲས་ཀྱི་གདན་སར་གྱུར། རིག་གསར་གྱི་སྐབས་སུ་གདན་ས་ལ་ཉམས་གུད་ཆེན་པོ་བྱུང་། སླར་ཡང་ཏྲེ་ཧོ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང་། དཀར་ལྕོག་གདན་སའི་དབུ་འཛིན་རྣམས་ཀྱི་ཐུགས་རྗེའི་བདག་སྐྱོང་ལ་བརྟེན་ནས་གདན་སའི་གཟི་བྱིན་སྔར་ལྟར་འཕྲོ་བར་ཕྱོགས་ཡོད། ད་བར་ཁྱོན་མི་ལོ་༥༠༠ཙམ་གྱི་ལོ་རྒྱུས་ལྡན་ཡོད་པར་སྣང་། ཆོས་བརྒྱུད་ནི་སྔར་ནས་ད་བར་ཀརྨ་བཀའ་བརྒྱུད་རང་སོར་གནས་ཡོད། དགོན་དེར་དགོན་ལག་ཀྱང་རིན་སྤུངས་བྲག་དཀར་དགོན་དང་། ལུང་རིང་དགོན། གསང་སྔགས་ཕོ་བྲང་། དེ་བཞིན་ཡུལ་ཕྱོགས་གཞན་དུ་ཡང་དགོན་ལག་མང་དུ་ཡོད།