༄། །དཔལ་ལྡན་ལྗོངས་གནས་དགོན་པ་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་དུས་སུ་ཕྱག་བཏབ་མཛད་ཞིང་བྱམས་མགོན་སྐུ་འཕྲེང་ཐམས་ཅད་ཀྱི་སྐྱོངས་བའི་དགོན་པ་ཡིན། ས་གནས་བོད་ལྗོངས་འཇོ་མདའ་རྫོང་ཐོག་ནས་ལེ་དབར་༨༠ཕྱོགས་སུ་ཆགས་ཞིང་བྱ་བཏང་ཐར་པ་རྒྱལ་མཚན་དང་འཇང་གྲྭ་སངས་རྒྱས་དཔལ་བཟང་ཟུང་གིས་རབ་ལོ་བརྒྱད་པ་༡༤༩༠ཡས་མན་སུ་བཏབ་པའི་དགོན་པ་གྲགས་ཞིང་གྲུབ་ཆེན་ཀརྨ་ནོར་བུ་སྤྲུལ་སྐུ་འགུ་ལྷ་སོགས་སྐྱེས་ཆེན་མང་པོའི་གདན་ས་ཀརྨ་ཀཾ་ཚང་གི་དགོན་པའོ།།
རྒྱལ་བ་བཀའ་བརྒྱུད་པ།
རི་པ་སྟོད་མ་དགོན།
རི་པ་སྟོད་མ་དགོན
རི་སྟོད་སྒྲུབ་བརྒྱུད་དར་རྒྱས་གླིང་ནི། སྔོན་འབའ་རོམ་བཀའ་བརྒྱུད་ལ་ཕྱིས་ཀཾ་ཚང་ཆོས་བརྒྱུད་འཛིན་པར་གྱུར་པ་ཞིག་སྟེ། དེའང་མཉམ་མེད་དྭགས་པོའི་ཐུགས་སྲས་འབའ་རོམ་དར་མ་དབང་ཕྱུག་གི་སློབ་མའི་ཐུ་བོ་འགྲོ་མགོན་ཏི་ཤྲི་རས་པ་དང་། དེའི་ཐུགས་སྲས་སྤྱན་སྔ་རས་པ་དཀར་པོ། དེས་བསྟན་པ་ཡོངས་སུ་གཏད་དེ་ཞལ་ཚབ་ཏུ་དབང་བསྐུར་བ་སྤྱན་སྔ་ལུས་མེད་རྡོ་རྗེ་སྟེ། དེ་ལ་བཀའ་བབས་ཀྱི་བུ་ཆེན་བཞིར་གྲགས་པའི་ཡ་གྱལ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་བཀའ་བབ་རྫ་དངུལ་རྫོང་ཤཱཀྱ་རྡོ་རྗེ་དང་དེའི་སློབ་མའི་ཚོགས་ལས་ཟླ་རོང་འབྲི་བྱེད་སོགས་སུ་རྫ་རི་པའི་ཆོས་བརྒྱུད་བྱུང་ཞིང་བསྟན་པ་དར་རྒྱས་ཧ་ཅང་ཆེ་བར་བྱུང་། ཤཱཀྱ་རྡོ་རྗེའི་རིགས་དབོན་ཚུལ་ཁྲིམས་རྒྱལ་མཚན་གྱིས། རྩི་རྒྱུད་རྒོད་ཚང་ཁའི་རི་དགོན་བཏབ་པའི་བརྒྱུད་པ་ལ་རྒོད་ཚང་རི་པར་གྲགས། དེའི་སློབ་མ་རྒྱལ་སྲས་ཀུན་དགའ་བློ་གྲོས་ཀྱིས་དབྱི་མདར་གདན་ས་མཛད་པ་དང་། དེ་ལ་སློབ་མ་རྒྱལ་མཚན་བློ་གྲོས་དང་རིན་ཆེན་དཔལ་སོགས་སློབ་མ་དུ་མ་བྱོན་པར་གྲགས། རི་པ་སྟོད་མའི་གདན་ས་དང་པོ་ནི་ནང་ཆེན་སྐྱོ་བྲག་ཕྱོགས་ཀྱི་རྫ་རྒྱལ་དང་འབྲི་བྱེད་བར་གྱི་ཕོ་བྲང་དམར་པོའི་ཁར་ད་ལྟ་ཡང་དགོན་ཤུལ་རྒྱ་ཆེར་བཞུགས་པ་དེའོ། །དེ་ལས་སོག་པོས་གཏོར་ནས་གཉིས་སུ་གྱེས་པས་གཅིག་ནི་རི་པ་བར་སྨད་དང་གཅིག་ནི་རི་པ་སྟོད་མའོ། །གསེར་འབུམ་དང་དབུ་སྦྲ་སོགས་བསྣམས་ནས་ཨག་གི་ཁུར་ཁོང་སྨན་ཆུ་ཕུག་པར་རི་པའི་བརྩོན་འགྲུས་དང་སྒོམ་ཆེན་ཆོས་རྗེ་ཟུང་དང་གྲྭ་འཁོར་ཡོན་མཆོད་བཅས་དེར་བཞུགས་ནས་བསྟན་པ་བསྐྱངས། སོག་དམག་གི་གནོད་པ་གཉིས་པའི་སྐབས་གཏོར་བས་ལྷག་ལུས་རྣམས་བྱོལ་བས་ཡུག་གི་སྩང་ང་ཁར་སྦྲ་དགོན་མཛད། དེ་ནས་ལུང་བསྟན་ལ་གཟིགས་ནས་ལྕི་ཡི་རྟ་ངུ་གཞུང་གི་གནས་མཆོག་དར་འཛིན་རི་བོའི་མདུན་དགོན་ལུང་ནང་དུ་ལོ་འགར་བཞུགས། དེ་ནས་རི་པའི་བརྩོན་འགྲུས་སྤྲུལ་བརྒྱུད་ཆོས་འཛིན་དབང་པོ་དང་སྒོམ་ཆེན་ཆོས་རྗེའི་སྤྲུལ་སྐུ་རི་པའི་ཡང་དག་གཉིས་ཀྱི་སྐབས་ནས་ཉིན་ལུང་བཀྲ་ཤིས་དར་ཐང་དུ་སྤོས་ནས་གདན་ས་དར་རྒྱས་གནང་ཞིང་རིམ་གྱིས་ཀརྨ་ཀཾ་ཚང་གི་ཆོས་བརྒྱུད་འཛིན་པར་གྱུར་ནས་ད་ལྟའི་བར་སྤྲུལ་སྐུ་ཟུང་གིས་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་གནང་བཞིན་པ་དང་། ལྷག་པར་རི་པའི་ཆོས་འཛིན་དབང་པོའི་སྐུ་རབས་བཅུ་བཞི་པ་ཀརྨ་ལུང་རིགས་སྨྲ་བའི་ཉི་མ་དང་། རི་པའི་སྒོམ་ཆེན་ཆོས་རྗེའི་སྐུ་རབས་དགུ་པ་ཀརྨ་དཔལ་ལྡན་ཕུན་ཚོགས་བསྟན་འཛིན་རབ་རྒྱས་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་འམ་མཆོག་སྤྲུལ་བདུད་འདུལ་དབང་དྲག་གཉིས་ཀྱིས་རྒྱལ་བསྟན་གྱི་བསྟན་པ་རིན་པོ་ཆེ་འདིར་བཤད་སྒྲུབ་ལས་གསུམ་གྱིས་འཛིན་སྐྱོང་གནང་བཞིན་པ་དང་དགེ་འདུན་པའི་སྡེ་རྣམས་སྤོང་ཀློག་གིས་བྱ་བར་བརྩོན་བཞིན་དུས་མདའ་བར་མཛད་པའོ། དགོན་དེར་༧རྒྱལ་དབང་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་ཆོས་ཁྲི་དང་ཞབས་རྗེས། ཀླུ་དུང་སྐྱོང་གིས་ཕུལ་བའི་གཏེར་ཆུ་དང་། སྟོད་མའི་མཎ་ཕུང་རིང་མོ། ཤེལ་མཁར་གནས་རིའི་རྟེན་བརྟན་པ། དབང་སྡུད་ཟླ་གམ་སྒྲུབ་ཕུག སྔོན་གྱི་སྒྲུབ་སྡེ་རྙིང་པ་བསམ་གཏན་དགའ་ཚལ་གླིིང་། སྒྲུབ་སྡེ་གཉིས་པ་རི་སྟོད་སྒྲུབ་ཁང་བསམ་གཏན་འགྱུར་མེད་ཆོས་དབྱིངས་དགའ་ཚལ་གླིང་། མཚམས་ཁང་བར་མ་ཡང་དབེན་བདེ་ཆེན་མི་འགྱུར་སྒྲུབ་ཁང་། བཤད་གྲྭ་དྭགས་བསྟན་དགེ་འཕེལ་གླིང་། ཡིག་གྲྭ་གཞོན་ནུ་བློ་གསལ་གླིང་། རི་སྟོད་ཆོས་ཚོགས་སྨིན་གྲོལ་དགའ་སྟོན་གླིང་། དགེ་བསྙེན་ཆོས་སྡེ་འཕྲིན་ལས་ཀུན་ཁྱབ་གླིང་བཅས་གསར་བཞེངས་གནང་བའོ།།
གསེར་ཆེན་ངེས་དོན་ཆོས་འཁོར་གླིང་དགོན།
གསེར་ཆེན་དགོན་པ་ནི་བོད་ལྗོངས་གཞིས་ཀ་རྩེ་འབྲོང་པ་རྫོང་ཕན་སྤྱི་ཤང་ཁོངས་སུ་གནས་ཡོད་ལ། རྫོང་ནས་སྤྱི་ལེ་བདུན་བཅུ་ཙམ་བསྐྱོད་ན་དགོན་པ་དེ་མཇལ། དགོན་པ་དེ་ནི་ཐོག་མར་སྤྱི་ལོ་《༡༨༢༠》ལོར་རི་ཁྲོད་ཆུང་ཆུང་ཞིག་ནས་རིམ་བཞིན་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་བརྒྱུད་འཛིན་པའི་གནས་དགོན་ཞིག་ཏུ་གྱུར། སྤྱི་ལོ་《༡༩༥༩》 ལོར་རིགས་གསར་ཉམས་ཉེས་ལས་ཐོར་ཞིག་ཏུ་ཕྱིན། སྤྱི་ལོ་《༡༩༨༣》ལོར་བླ་མ་བསོད་ནམས་འབྱོར་ལྡན་མཆོག་གིས་ཐུགས་བསྐྱེད་ལས་ཉམས་པ་སླར་གསོ་བྱུང་། སྔོན་གྱི་ལོ་རྒྱུས་ལྟར་ན་སྟོན་པ་བཅོམ་ལྡན་འདས་ཀྱི་དུས་སུ་རྒྱ་གར་བསིལ་བ་ཚལ་གྱི་གནས་རྡོ་གཉིས་འཕུར་ནས་གངས་རིན་པོ་ཆེ་དགྲ་བཅོམ་ལྔ་བརྒྱ་དུར་ཁྲོད་དུ་གཅིག་འབབ་པ་དང་གསེར་ཆེན་དགོན་གྱི་རྒྱབ་རི་རྩེ་མོར་གཅིག་འབབས་པ་དེའི་ངོས་ལ་ཡི་གེ་ག་རང་འབྱུང་གཅིག་ཡོད་པའི་རྡོ་ག་བའི་དུར་ཁྲོད་ཞེས་མཚན་ཐོག དགོན་གནས་འདིར་དབེན་ཞིང་ཉམས་དགའ་བ་གཡས་གཡོན་རྒྱབ་གསུམ་ལ་ཡོད་པའི་རི་གསུམ་ཡོད་པའི་རིག་གསུམ་མགོན་པོ་གནས་ཡིན་པར་བཤད། ད་ལྟའི་ཆར་མཚུར་ལུགས་ཀྱི་ཆོ་ག་ཆོས་སྤྱོད་དང་། འགྲོ་མགོན་ཀརྨ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་དགོན་པ་ཞིག་ཡིན་ནོ།།
སྨྱུག་ལ་ལེགས་བཤད་གླིང་།
སྨྱུག་ལ་ལེགས་བཤད་གླིང་གི་བྱུང་བ་བརྗོད་པ།
དེའང་དཔལ་འགྲོ་མགོན་བཀའ་བརྒྱུད་པའི་མཚན་ཉིད་ཀྱི་ཆོས་སྡེ་ཆེན་པོ་ཀརྨ་གྲྭ་ཚང་ངམ། སྨྱུག་ལ་ལེགས་བཤད་གླིང་གི་ལོ་རྒྱུས་འབྲེལ་ཡོད་ཀྱི་ཡིག་ཚང་དག་ལས་འཐོར་བུ་འབྱུང་བ་རྣམས་འདིར་བཏུས་ནས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་ཀརྨ་གྲྭ་ཚང་ལོ་དུས་དང་ས་ཆ་གང་དུ་དབུ་རྙེད་ཚུལ། ལྷ་སར་གནས་སྤོས་ཤིང་རྗེ་ཕྲིན་ལས་པ་གདན་སའི་སློབ་དཔོན་མཛད་ཚུལ། སྨྱུག་ལར་དགོན་གནས་ཕྱག་བཏབ་ཅིང་འཆད་ཉན་འཕེལ་རྒྱས་སུ་གྱུར་ཚུལ། ཡོལ་ཐེག་ཆེན་རྩེར་རྒྱུད་ཀྱི་བཤད་གྲྭ་བཞེངས་ཚུལ། གཞུང་ལུགས་སྨྲ་བའི་རབ་འབྱམས་པ་མང་པོ་བསྐྱེད་བསྲིངས་མཛད་ཚུལ། གདན་རབས་རིམ་བྱོན་གྱི་མཁས་དབང་རྣམས་ཀྱི་ངོ་སྤྲོད། བཀའ་དགོན་རྩ་གཏོར་བཏང་ནས་གྲུབ་མཐའ་དགེ་ལུགས་པར་བསྒྱུར་ཚུལ་བཅས་སོ། །
དང་པོ། ཀརྨ་གྲྭ་ཚང་ནི་སྒར་ཆེན་གཉལ་དུ་བཞུགས་སྐབས་ཐོག་མར་དབུ་བཙུགས་པར་མཛད་དེ། དཔའ་བོའི་ཆོས་འབྱུང་ལས། “ དབྱར་བཞུགས་དབྱར་སར་མཛད། ཀརྨ་གྲྭ་ཚང་གི་བཤད་གྲྭ་ཐོག་མར་བཙུགས་ཏེ་མི་ཉག་རབ་འབྱམ་པ་མགོན་པོ་དཔལ་ཀློག་པའི་སློབ་དཔོན་དུ་བསྐོས།” ཞེས་སྨོས་པས། གྲྭ་ཚང་ཐོག་མར་བཙུགས་ལོ་ནི། རྒྱལ་དབང་བདུན་པའི་རྣམ་ཐར་སྐོར་དང་། ཞྭ་དམར་བཞི་པའི་རྟོགས་བརྗོད་ཨུཏྤ་ལའི་ཕྲེང་བ། ཀརྨ་ཕྲིན་ལས་ཀྱིས་རྒྱལ་བའི་དབང་པོའི་ཞབས་དྲུང་བསྙེན་པའི་ལོ་ཚིགས་བཅས་གུང་སྒྲིག་ན། མེ་ལུག་སྤྱི་ལོ་(༡༤༨༧ལོར་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་སྒར་ཆེན་དང་བཅས་པ་བྱ་པ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་ཀྱིས་བྱ་ཡུལ་དུ་སྤྱན་དྲངས་ནས། གཉལ་དུ་བཞུགས་སྐབས་ཀརྨ་གྲྭ་ཚང་གི་བཤད་གྲྭ་ཐོག་མར་སྒར་ཆེན་ནང་ཁུལ་དུ་བཙུགས་ཤིང་།འཆད་ཉན་གྱི་སློབ་དཔོན་དུ་མི་ཉག་རབ་འབྱམས་པ་མགོན་པོ་དཔལ་བསྐོས་མཛད་པ་ནི་ལོ་དེ་ཡིན་པར་སེམས། ཡང་དཔའ་བོའི་ཆོས་འབྱུང་ལས། མི་ཉག་རབ་འབྱམ་པ་མགོན་པོ་དཔལ་གྱི་རྣམ་ཐར་ལས། “ཕྱིས་རྗེའི་བཀས་ཀརྨ་གྲྭ་ཚང་བཙུགས་པ་སྔོན་མ་བར་ཆད་ཀྱིས་ཅུང་ཟད་འཐོར་ནའང་བཙུན་ཆུང་བདུན་ཙམ་ཞིག་ལུས་པ་ཁོ་ན་ལ་ཉིད་ཀྱིས་དབུ་མཛད་ཆོས་ཁྲིམས་བླ་མ་གསུམ་གའི་གོ་མཛད་དེ་དཀའ་བ་མཛད་པས་རིང་པོ་མ་ལོན་པར་བློ་གསལ་གྱི་དགེ་འདུན་མང་དུ་འཕེལ། སྐྱེད་ཚལ་གྱི་ཆོས་རྗེ་འཇམ་དབྱངས་པ་དང་དཔོན་སློབ་ཐུགས་ཤིན་ཏུ་བཅུགས་པས་མཁན་ཆེན་གཡག་པའི་ཆོས་གྲྭ་ན་སྐྱེད་ཚལ་འཛུགས་དུས་ཀྱི་གཎྜི་ཡིན་པ་ཞིག །བཅའ་ཡིག་ཆུང་བ། ཡར་འབྲོག་བཀའ་བཅུ་པ་ནམ་མཁའ་རྒྱལ་མཚན་པ་དང་བཅས་གྲྭ་ཚང་ཚུགས་པའི་ལེགས་ཇར་གནང་།སྐྱེད་ཚལ་བ་སྨྱུག་ལ་སོགས་སུ་ཆོས་བར་ལ་འབྱོན་དུས་ཚོགས་དང་རིག་ལུང་བསྲེ་བའི་སྲོལ་བྱུང་། ཞེས་པར་བརྟག་ན་ཀརྨ་གྲྭ་ཚང་ནི་རྟེན་གཞིའི་དགོན་པ་མི་དམིགས་གསལ་མེད་ཅིང་ས་ཕྱོགས་གང་སར་ཕེབས་བཞུགས་གནང་དགོས་པ་དང་། འཚོ་རྟེན་སྦྱོར་བའི་སྦྱིན་བདག་གཏན་ཁེལ་མེད་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་གྲྭ་པ་རྣམས་ཕལ་ཆེར་གྱེས་ཤིང་། གྲྭ་ཆུང་བདུན་ཙམ་ལུས་པར་རྗེ་ཉིད་ཀྱིས་ངལ་བ་ཁྱད་བསད་ཀྱིས་སློབ་ཁྲིད་གནང་བས།ལོ་རེ་གཉིས་ནས་བསླབ་སྦྱོང་ལ་བརྩོན་པའི་གྲྭ་པ་མང་པོ་འདུས་ཤིང་བཤད་གྲྭ་སོར་ཆུད།འབྲས་ཡུལ་སྐྱེད་ཚལ་གྱི་ཆོས་རྗེ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གིས་ཐུགས་ཁུར་ཟབ་བཞེས་ཀྱིས་ཡར་འབྲོག་བཀའ་བཅུ་པ་ནམ་མཁའ་རྒྱལ་མཚན་དང་། གཎྜི་སོགས་གནང་ཞིང་སྐྱེད་ཚལ་སོགས་སུ་གྲྭ་སྐོར་འབྱོན་པའི་རོགས་དན་མཛད་པས་འདུས་སྡེ་འཕེལ་རྒྱས་སུ་གྱུར་པར་མངོན།
དུས་རབས་བཅུ་བདུན་པའི་དུས་དཀྱིལ་ནས་བཀའ་བརྒྱུད་པའི་མཚན་ཉིད་ཀྱི་ཆོས་གྲྭ་རྣམས་རྩ་གཏོར་བཏང་ནའང་། དུས་རབས་བཅོ་བརྒྱད་པར་ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཡབ་སྲས་ཀྱིས་སྔར་སྲོལ་བཞིན་སྐྱེད་ཚལ་ཆོས་གྲྭ་ནས་ལོ་ལྟར་མཚན་ཉིད་སྨྲ་བའི་དགེ་འདུན་རྣམས་གདན་དྲངས་ནས་གདན་ས་མཚུར་ཕུར་ལོ་སར་སྐབས་རིག་ལུང་བསྲེ་བའམ། གཞུང་ཆེན་རྣམས་ལ་ལུང་རིགས་ཀྱི་སྒོ་ནས་བརྒལ་བརྟགས་དང་འབེལ་གཏམ་གྱི་དགའ་སྟོན་སྤེལ་བ། ཟླ་ཕྲེང་ཞྭ་དམར་བརྒྱད་པའི་རྣམ་ཐར་ཐད་གསལ་བས་སོ། །
གཉིས་པ། ཆུ་ཁྱི་སྤྱི་ལོ་(༡༥༠༡)ལོ་རྒྱལ་དབང་མཆོག་བྱ་ཡུལ་ནས་རིམ་གྱིས་ལྷ་སར་ཕེབས་ཤིང་། ལྷ་སའི་གཙུག་ལག་ཁང་གི་ཉེ་སྐོར་དུ་ཀརྨ་གྲྭ་ཚང་གི་དགོན་གནས་གསར་འདེབས་ཀྱི་ཨར་ལས་འགོ་འཛུགས་མཛད་སྐབས་གཞན་གྱི་གནོད་གཙེར་འོག་གཙུག་ལག་ཁང་སོགས་བཤིག་ཅིང་ཆོས་སྡེ་འདེབས་པར་འགོག་རྐྱེན་འཕྲད་པར། དཔའ་བོའི་ཆོས་འབྱུང་ལས། “ཇོ་བོའི་སྐུ་འཁོར་དུ་དགེ་འདུན་གཙང་སིང་བའི་སྡེ་ཞིག་གྲུབ་ན་བསྟན་པ་སོས་པར་འགྱུར་གསུངས་བ་ལན་གསུམ་དུ་གསན་པས་དེ་ལྟ་བུ་ཞིག་ཐུགས་ཀྱིས་དགོངས་ཀྱང་གཞིས་ཀ་སྣེལ་པ་ཁོང་རང་ཆགས་པ་ནས་བཟུང་དྲུང་ན་རིམ་གསུམ་གྱི་སྦྱིན་བདག་ཡིན་ཡང་གཞན་དབང་གིས་བཀའ་མ་སྒྲུབ་པས་བར་སྐོར་གྱི་ཕྱི་ལ་དགེ་འདུན་བཞུགས་པ་ནི་མ་གྲུབ། འོན་ཀྱང་བྱམས་པའི་བཀའ་མ་བཅག་པ་ཙམ་མཛད་པར་དགོངས་ནས་ཀརྨ་གྲྭ་ཚང་གི་བཞུགས་གནས་སུ་ཀརྨ་ཆོས་སྡེ་བཏབ་པ་ན་སྐྱེས་བུ་གསུམ་ལས་གང་རུང་གི་ལམ་རྒྱུད་ལ་སྐྱེས་ངེས་ཀྱི་དམ་པ་འགའ་ཟུང་ཡང་སོ་སོ་ན་ཡོད་པར་གདོན་མི་ཟ་མོད་ཀྱི་དེ་དག་ལ་ནི་སུ་ཡང་ཉན་པར་མི་སྤྱོད།” ཅེས་དང་། “ཆོས་སྡེ་མཁར་ལས་སྤྱིལ་བུ་རེ་གཉིས་ཟིན། ཕལ་ཆེར་མ་ཟིན་པ་རྣམས་བཤིག་སྲེག་བྱས།” སོགས་སྨོས་པར་གཞིག་ན། རྒྱལ་དབང་མཆོག་གིས་ཇོ་ཁང་གི་འཁྲིས་སུ་ཚད་ཉིད་ཀྱི་ཆོས་གྲྭ་ཆེན་པོ་ཞིག་འདེབས་པར་དགོངས་ནས། སྡེ་པ་སྣེ་པ་ལ་བཀའ་མངག་གནང་ཡང་ཁོང་ནི་འཁོས་ཀ་ཞན་ཅིང་གཞན་དབང་དུ་གྱུར་ཏེ་མ་གྲུབ་པས། ཀརྨ་གྲྭ་ཚང་གི་བཞུགས་ཡུལ་ཀརྨ་ཆོས་སྡེ་ཕྱག་བཏབ་ཀྱང་། གྲུབ་མཐའི་ཆགས་སྡང་གི་སྲེག་བཤིག་བྱས་པས་ཨུ་ཚུགས་ཀྱི་མཁར་ལས་མ་བྱས་པ་བཤོལ་བར་མཛད། མི་ཉག་རབ་འབྱམས་པའང་ལོ་དེར་སྐུ་གཤེགས་པར་གྱུར། ལོ་དེའི་ཟླ་བ་དང་པོའི་ཚེས་བཅུ་བཞི་ཉིན་རྗེ་བཙུན་ཀརྨ་ཕྲིན་ལས་པ་ཀརྨ་གྲྭ་ཚང་གི་བླ་མར་བསྐོས་ཤིང་། རྒྱལ་དབང་མཆོག་གིས་ལྗགས་རྩོམ་ཕར་ཕྱིན་འགྲེལ་པ་འཇིག་རྟེན་གསུམ་སྒྲོན་ནས་དབུ་བརྩམས་ཏེ། གཞུང་ཆེན་རྣམས་ཀྱི་འཆད་ཁྲིད་རྒྱུན་ཆགས་སུ་གནང་བར་མཛད། སྐབས་དེར་ཀརྨ་གྲྭ་ཚང་གི་འདུས་སྡེའི་བཞུགས་གནས་ར་མོ་ཆེར་ཡོད་པར་རྗེ་ཕྲིན་ལས་པའི་རྣམ་ཐར་ལས་གསལ།
གསུམ་པ། རྗེ་བཙུན་ཕྲིན་ལས་ཞབས་ཀྱི་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ནས་ཀརྨ་གྲྭ་ཚང་སྨྱུག་ལར་ཕྱག་བཏབ་སྟེ། རྣམ་ཐར་ངོ་མཚར་ཡིད་ཀྱི་ཤིང་རྟ་ལས། “ཀརྨ་གྲྭ་ཚང་གི་དགེ་འདུན་རྣམས་ལ་གཡར་ཁྱིམ་དང་ཆོས་བར་ལ་བརྟེན་པ་མ་གཏོགས་གཞིས་དགོན་ཞིག་མི་འདུག་པས། རྒྱལ་བའི་དབང་པོའི་དགོངས་པ་ཞུས། སྨྱུག་ལ་བ་དང་བཀའ་གྲོས་སུ་བསྟུན་ནས་མཛད་པ་ལ་མངོན་དུ་ཕྱོགས་སོ། །”ཞེས་སྨོས་པས་ཆུ་ཁྱི་ལོར་ལྷ་སར་གཙུག་ལག་ཁང་གི་ཉེ་སྐོར་དུ་དགོན་པའི་རྨང་བཏིང་ནས་ཨར་ལས་བགྱིས་པ་རྣམས་གཞན་གྱི་བཤིགས་སོང་རྐྱེན་སླར་གསར་སྐྲུན་མ་བྱས་ཤིང་། ར་མོ་ཆེ་སོགས་ནས་སྡོད་གནས་གཡར་ནས། ཕར་ཕྱིན་འགྲེལ་པ་འཛིག་རྟེན་གསུམ་སྒྲོན་གྱི་གཙོས་གཞུང་ཆེན་རྣམས་ཀྱི་འཆད་ཉན་རྒྱུན་བསྲིངས་ཀྱང་། ཆོས་རྗེ་ཀརྨ་ཕྲིན་ལས་ཞབས་ཀྱིས་གྲྭ་ཚང་གི་རྟེན་གཞི་དགོན་གནས་ཤིག་མེད་ན་ཐོས་བསམ་གྱི་རྒྱུན་མི་གནས་པར་དགོངས་ནས། རྒྱལ་དབང་པོའི་སྐུ་མདུན་ནས་དགོངས་སྐོར་ཞུས་ཤིང་། ཡོལ་ཕྱོགས་སུ་ཕེབས་ནས་བསྟན་པའི་སྦྱིན་བདག་སྡེ་པ་སྨྱུག་ལ་པར་ས་ཆ་མཁོ་འདོན་དགོས་པར་བཀའ་གྲོས་མཛད་པས་མོས་མཐུན་བྱུང་ནས།
ཤིང་གླང་(སྤྱི་ལོ་༡༥༠༥)ལོའི་དགུན་སྟོད་ཙམ་ལ་དྭགས་པོ་པཎྜི་ཏ་གསུམ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་འམ། སྦྱོར་ལམ་ཆོས་མཆོག་པ་རྗེ་བཙུན་ཀརྨ་ཕྲིན་ལས་པ་སྨྱུག་ལར་ཕེབས་ནས།སྨྱུག་ལ་ལེགས་བཤད་གླིང་གི་གཙུག་ལག་ཁང་ཀུན་དགའ་ར་བ་དང་བཅས་པའི་རྨང་བཏིང་བ་དང་། ཆོས་རྗེ་མི་ཉག་པ་མགོན་པོ་དཔལ་གྱི་དངུལ་གདུང་སོགས་གདན་སའི་རྟེན་དང་བརྟེན་པ་རྣམས་བཞེངས་པར་མཛད། དེ་ནས་བཟུང་བྱ་ཡུལ་དུ་དབུ་བཙུགས་ཤིང་ལྷ་སར་ར་མོ་ཆེ་སོགས་ལ་གནས་གཡར་གྱི་བྱེས་བགྲོད་ཀྱིས་གཞུང་ཆེན་རྣམས་ལ་སློབ་གཉེར་བྱེད་པའི་ཀརྨ་གྲྭ་ཚང་གི་གནས་གཞི་སྨྱུག་ལར་བརྟན་ཆགས་པས། ཆོས་གྲྭའི་མཚན་ལ་ལེགས་བཤད་གླིང་ངམ། སྨྱུག་ལར་གནས་གཞིར་གྱུར་པས་སྨྱུག་ལ་ལེགས་བཤད་གླིང་ཞེས་ཐོགས་པར་གྱུར། བསྟན་པའི་སྦྱིན་བདག་སྨྱུག་ལ་རྫོང་པས་མཁན་སློབ་རྣམས་ལ་གསོལ་ཕོགས་ཕོངས་པ་མེད་པ་སྦྱོར་བར་མཛད། སློབ་གཉེར་གྱི་རྒྱུན་ཀྱང་འཕེལ་རྒྱས་སུ་གྱུར།
བཞི་པ། ས་གླང་(སྤྱི་ལོ་༡༥༢༩)ལོར། གདན་སར་མཁས་པའི་དབང་པོ་ཤེས་རབ་རྣམ་རྒྱལ་བསྐོ་བཞག་དང་། ཀརྨ་གྲྭ་ཚང་གི་ཆོས་དང་འཇིག་རྟེན་གྱི་སྐྱིད་སྡུག་ལེགས་ཉེས་ཀྱི་ཁུར་ཐམས་ཅད་དང་། མི་སྣ་བསྐོ་འཐེན་སོགས་བྱ་བཞག་ཆེ་ཕྲ་གང་ཡིན་སྒར་ཆེན་ལ་རྩིས་སྤྲོད་གནང་ནས། རྗེ་ཉིད་སྐུ་ཚེའི་སྨད་ཡོལ་ཐེག་ཆེན་ཡང་རྩེར་ཀུན་སྤངས་ཀྱི་ཚུལ་དུ་སྙིང་པོའི་ཉམས་བཞེས་ཀྱི་ངང་དུ་བཞུགས་པར་མཛད།
ཆུ་འབྲུག་(སྤྱི་ལོ་༡༥༣༢)ལོར་བྱང་ཆུབ་གླིང་དུ་ཡང་དགོན་འཆི་མེད་རྒྱལ་བའི་ཕོ་བྲང་གི་མཁར་ལས་ཟླ་བ་གཉིས་ཀྱི་ཁོངས་སུ་རྫོགས་པར་བསྒྲུབས། ཆུ་སྦྲུལ་(སྤྱི་ལོ་༡༥༣༣)ལོའི་སོས་ཀ་དད་བཙུན་མང་པོ་དང་བཅས་ཏེ་དགེ་བའི་བཤེས་གཉེན་སྡོམ་བརྩོན་ཤ་སྟག་གིས་ཞབས་ནས་བཏེགས་ཏེ། དཔལ་བརྟག་པ་གཉིས་པ། ཟབ་མོ་མང་དོན་སོགས་རྒྱུད་ཀྱི་བཤད་གྲྭ་གསར་འཛུགས་གནང་སྟེ། འཆད་རྩོད་རྩོམ་གསུམ་གྱི་མཛད་ཕྲིན་རྒྱ་ཆེར་སྤེལ་བར་མཛད།
འདིར་བྱང་ཆུབ་གླིང་དང་།ཡོལ་རིན་ཆེན་གླིང་།ཡོལ་ཐེག་ཆེ་རྩེ། སྨྱུག་ལའི་ཡང་དབེན་བཅས་མིང་མི་འདྲ་བ་དུ་མ་འབྲེལ་ཡོད་ཀྱི་ཡིག་ཆ་དག་ལས་འབྱུང་བས་དཔེ་མཚོན་ཙམ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རིན་སྤུངས་དོན་ཡོད་རྡོ་རྗེས་རྒྱལ་དབང་བདུན་པར་འབུལ་ཆེན་གྱི་ཁོངས་སུ་བྱང་ཆུབ་གླིང་གི་གཙུག་ལག་ཁང་ཕུལ་བར་སྨོས་ཤིང་། བྱང་ཆུབ་གླིང་དུ་རྒྱུད་པ་གྲྭ་ཚང་བཙུགས་པར་སྨོས་པ་དང་། ཡང་ཡོལ་ཐེག་ཆེན་རྩེར་བཞུགས་ནས་དགྱེས་རྡོར་བརྟག་གཉིས་ཀྱི་འགྲེལ་པ་རྩོམ་པ་སོགས་སྨོས་པ་དང་། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པའི་རྣམ་ཐར་ལས། ཡོལ་རིན་ཆེན་གླིང་དང་། ཡོལ་རིན་ཆེན་གླིང་གི་ཡང་དབེན་གཟིམས་སྤྱིལ་དང་། ཡོལ་རིན་ཆེན་གླིང་གི་ཡང་དབེན་གཟིམས་སྤྱིལ་གོང་མ། ཞེས་སོགས་འཁོད་པ་དང་། རྗེ་ཀརྨ་ཕྲིན་ལས་པའི་རྣམ་ཐར་ལས། བྱང་ཆུབ་གླིང་དུ་ཡང་དགོན་འཆི་མེད་རྒྱལ་བའི་ཕོ་བྲང་བཞེངས་པར་བཤད་པ་དང་།དཔའ་བོ་གཙུག་ལག་ཕྲེང་བའི་རྟོགས་བརྗོད་ལས། དེ་ནས་ཡོལ་གྱི་ཐེག་ཆེན་རྩེ་མོ་རུ།།ཉིད་ཀྱི་བཀའ་འབུམ་ཡོངས་སུ་ཚང་བ་དང་། །ཞེས་སོགས་གོང་དུ་སྨོས་པའི་འབྲེལ་ཡོས་ཀྱི་རྣམ་ཐར་ཁག་ཏུ་འཁོད་པའི་ཚིག་ཟིན་ལ་ལམ་ཙམ་བལྟས་ན་ཡོལ་གྱི་ས་ཆར་རིན་ཆེན་གླིང་དང་། ཐེག་ཆེན་རྩེ་གཉིས་སོ་སོ་ཡིན་པའི་ཚོར་བ་སྟེར་ཡང་། རིན་ཆེན་གླིང་ལ་གཟིམས་སྤྱིལ་གོང་འོག་གཉིས་ཡོད་ཚུལ་སྨོས་ཤིང་། ཡོལ་རིན་ཆེན་གླིང་གི་ཡང་དབེན་ཞེས་སྨོས་པར་མ་ཟད་སྨྱུག་ལའི་ཡང་དབེན་ཞེས་སྨོས་པར་ཞིབ་ཀྱིས་བརྟག་ན་ས་གནས་གཅིག་ཡིན་པར་ཤུགས་ཀྱིས་རྟོགས་ལ། ས་གནས་དངོས་སུ་ཆེད་བསྐྱོད་ཀྱིས་རྟོག་ཞིབ་དང་ཡུལ་དེའི་གྲོང་མི་རྣམས་ལ་བཅར་འདྲི་བྱས་པས། ཡུལ་གྱི་ས་ཆར་རིན་ཆེན་གླིང་དང་། རི་གོང་དགོན་པ་གཉིས་མ་གཏོགས་མེད་ཅིང་གནའ་ཤུལ་གྱི་རྩིག་པ་དང་གྱང་རལ་ཙམ་ཡང་མེད་ཚུལ་བཤད་ཀྱིན་པས། དེས་ན་དེང་གི་སྲིད་འཛིན་མངའ་ཁོངས་བོད་རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར། ཆུ་ཤུར་རྫོང་། བྱི་ནུབ་ཡུལ་ཚོ། ཙུག་ལྔ་པའི་ས་ཆར་གནས་པའི་རིན་ཆེན་གླིང་ནི་ཐེག་ཆེན་རྩེ་དང་གཅིག་ཡིན་པར་སེམས།
མེ་སྤྲེལ་(སྤྱི་ལོ་༡༥༣༦)ལོར་སླར་ཡང་དགེ་འདུན་གྱི་ཀུན་དགའ་ར་བ་ཀ་ཆེན་བརྒྱད་གཙང་ཁང་དང་བཅས་པ་གསར་བཞེངས་དང་། ལེགས་བཤད་གླིང་གི་འདུ་ཁང་གཙང་ཁང་དང་བཅས་པའི་ལོགས་བྲིས་ཀརྨ་བཀའ་བརྒྱུད་ཀྱི་གསེར་སྐུ་ཁྲུ་གང་མ་ཉི་ཤུ་རྩ་དྲུག །ཀརྨ་རབས་བརྒྱད་ཀྱི་བཀའ་འབུམ་ཆ་ཚང་། བརྒྱུད་པའི་བླ་མ་རྣམས་ཀྱི་གསུང་འབུམ་གལ་གང་ཆེ་སོགས་རྟེན་གསུམ་དུ་མ་བཞེངས་པ་བཅས་རྣམ་དཀར་གྱི་དགེ་བའི་ལས་འབའ་ཞིག་ལ་བརྩོན་པར་མཛད།
འདིར་ཆུ་ཤུར་རྫོང་གི་ས་ཁོངས་སུ་གནས་པའི་དགའ་ལྡན་ཆོས་འཁོར་ཡང་རྩེ་ནི་སྨྱུག་ལ་ལེགས་བཤད་གླིང་གི་ཤུལ་དུ་ཡིན་པར་དོགས་སྲིད་པས། ས་ཁྱི་སྤྱི་ལོ་(༡༥༣༨)ལོར་རྒྱལ་དབང་ཀུན་མཁྱེན་མི་བསྐྱོད་ཞབས་སྨྱུག་ལར་ཕེབས་སྐབས་སྐྱེད་ཚལ་འོག་མ་སོགས་ཆུ་ཤུར་ཁུལ་གྱི་དགོན་སྡེ་རྣམས་ཀྱིས་སེར་སྦྲེངས་ཀྱིས་བསུས་ཤིང་། སྨྱུག་ལ་ན་ཁ་སྦུག་ཏུ་སྒར་ཆེན་བཞུགས་པར་སྨོས་པ་དང་། རྒྱལ་དབང་ཕྱུག་རྡོ་རྗེའང་ཆུ་བོ་རིའི་གྲུ་ནས་སྙུག་ལ་ན་ཁ་སྦུག་ཏུ་ཕེབས། ཞེས་འཁོད་པས་མཚོན་ཏེ། ཀཾ་ཚང་ཡབ་སྲས་རྣམས་མཚུར་ཕུ་ནས་རྫ་དཀར་ལ་བརྒལ་ནས་སྨྱུག་ལ་དང་། དེ་ནས་གཙང་པོ་བརྒལ་ནས་ལྷོ་ཁའི་ས་ཁོངས་སུ་ཕེབས་སྐོར་དང་། ཡང་ལྷོ་ཁ་ནས་སྨྱུག་ལ་བརྒྱུད་མཚུར་ཕུ་དང་ལྷ་སར་ཕེབས་སྐོར། ཟླ་ཕྲེང་ལས། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་། ཞྭ་དམར་དཀོན་འབངས། ཞྭ་དམར་དྲུག་པ། རྒྱལ་དབང་བཅུ་པ། ཀརྨ་ཕྲིན་ལས་པའི་རྣམ་ཐར། དཔའ་བོ་གཙུག་ལག་ཕྲེང་བའི་རྟོགས་བརྗོད་རྣམས་ལས་ཤེས་ཐུབ། དེར་མ་ཟད་ཕྲིན་ལས་ཞབས་ཀྱི་བསྟན་བཅོས་ཁག་གི་རྩོམ་བྱང་དུ་ཡར་གསུམ་ལྷུན་པོ་རྩེ་ཞེས་སྨོས་ཤིང་། བཻ་སེར་དང་ཆོས་འཁོར་ཡང་རྩེའི་ལོ་རྒྱུས་ལས་ཆུ་ཤུར་ལྷུན་པོ་རྩེའི་རྫོང་འོག་སྨྱུག་ལར་ཞེས་སྨོས་པས་དང་། ས་གནས་དངོས་སུ་བཅར་འདྲི་བྱས་པས་དགོན་པའི་གྲྭ་པ་དང་ཡུལ་དེའི་གྲོང་མིས་རི་རྩེར་སྨྱུག་ལ་རྫོང་གི་གནའ་ཤུལ་ཡིན་ཚུལ་དང་། དེ་སྔོན་བཀའ་བརྒྱུད་པའི་ཆོས་གྲྭ་ལེགས་བཤད་གླིང་ཡིན་པ་དང་། གོང་ས་ལྔ་པས་གྲུབ་མཐའ་བསྒྱུར་ཞིང་དགའ་ལྡན་ཆོས་འཁོར་ཡང་རྩེ་ཞེས་བཏགས་པར་བཤད་བྱུང་བ་དང་། གཞོགས་གཡས་ཀྱི་ལུང་པ་སྔར་གྱི་ཡིག་རྙིང་ལས་སྨོས་པའི་བཟད་ཅེས་པའི་མིང་མ་འགྱུར་བ་རང་སོར་གནས་པས་ནོར་འཁྱུག་མེད་དོ། །
དེ་ལྟར་མཚན་ཉིད་ཀྱི་ཆོས་གྲྭ་ཆེན་པོ་དེར་གཙོ་བོ་གཞུང་བཀའ་པོད་བཞི་དང་། དབུ་མ་རྩ་འཇུག་བཞི་གསུམ། བྱམས་ཆོས་ཕྱི་མ་བཞི། ལས་དང་པོ་པ་འཁྲིད་པའི་རིགས་པའི་རྣམ་གཞག་སོགས་གཙོ་བོར་གྱུར་པའི་ཆོས་ཐུན་བཅུ་བཞི་ལ་བསྟར་ཆགས་དང་། རིགས་ལུང་གི་གྲྭར་རིགས་པའི་རྣམ་གཞག་ཕྲ་ཞིང་ཕྲ་བ་རྣམས་ལ་ཞིབ་མོར་དཔྱོད་པས་རྒོལ་བ་གཞན་གྱི་སྟོབས་འཕྲོག་པར་མཛད་པའི་ཐལ་འགྱུར་གྱི་ཕྲེང་བ། ཞག་རེ་ལ་ཆོས་ཐུན་སུམ་ཅུ་ལྷག་ཙམ་གསན་སྦྱོང་གནང་དགོས་པར་ཕྲིན་ལས་ཞབས་ཀྱི་རྣམ་ཐར་ལས་སྨོས་པ་བཞིན་དང་། གཞན་ཡང་སྒྲ་ཀ་ཙན་དབྱངས་གསུམ། བཟོ་གསོ་གཉིས། རྩི་དཀར་ནག །སུམ་རྟགས་དག་གསུམ། སྡེ་སྦྱོར། སྙན་ངག་སོགས་ཐུན་མོང་རིག་གནས་སྐོར་ཞོར་དུ་སློབ་གཉེར་གནང་བ། མདོར་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཞར་བྱུང་རིག་གནས་དང་། ཐབས་གྲོལ་གྱི་གདམས་པའི་དབུས་བརྒྱུད་པའི་མན་ངག་རྣམས་ལ་རང་བྱན་ཚུད་པར་མཛད་པ། དེ་ལྟར་ཆོས་གྲྭ་འདིས་བཅུ་ཕྲག་རིག་གཞུང་གི་སྒོ་ནས་བསྐྱེད་བསྲིང་གནང་བའི་མཁས་པའི་དབང་པོ་སྒམ་པོ་བཀྲ་ཤིས་རྣམ་རྒྱལ་དང་། དཔའ་བོ་གཙུག་ལག་ཕྲེང་བ། རབ་འབྱམས་པ་མཁྱེན་རབ་རྣམ་རྒྱལ། རབ་འབྱམས་པ་ཤེས་རབ་རྣམ་རྒྱལ། སྡེ་བདུན་རབ་འབྱམས་པ་དབང་ཕྱུག་རྒྱལ་མཚན། སྒམ་པོ་མཁན་ཆེན་ཤཱཀྱ་བཟང་པོ། དྭགས་པོ་རབ་འབྱམས་པ་ཆོས་རྒྱལ་བསྟན་པ། དཔལ་ཁང་ལོ་ཙཱ་ངག་དབང་ཆོས་ཀྱི་རྒྱ་མཚོ། ཟུར་མཁར་བློ་གྲོས་རྒྱལ་པོ་སོགས་མངའ་རིས་ནས། དར་རྩེ་མདོ་ཡན་དབུས་གཙང་ཁམས་གསུམ་དུ་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་དཔག་ཏུ་མེད་པ་བསྐྲུན་པར་མཛད་པས་བསྟན་པ་རིན་པོ་ཆེ་སྤྱི་དང་སྒོས་ཀྱི་རྩ་ལག་ཏུ་གྱུར་པའོ།
དྲུག་པ། ཀརྨ་གྲྭ་ཚང་གི་གདན་རབས་རིམ་བྱུང་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་བྱུང་བ་ནི། གདན་རབས་དང་པོ། མི་ཉག་རབ་འབྱམས་པ་མགོན་པོ་དཔལ། གཉིས་པ་ཀརྨ་ཕྲིན་ལས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ། དེ་ནས་རིམ་པས། མཁྱེན་རབ་རྣམ་རྒྱལ། ཤེས་རབ་རྣམ་རྒྱལ། མཁས་མཆོག་བསོད་ནམས་བཟང་པོ། རབ་འབྱམས་པ་ཀརྨ་རྣམ་རྒྱལ། རྒོད་ཚང་རས་པའི་སྐུ་སྐྱེ་ཀརྨ་གྲུབ་མཆོག །རྒྱ་བྱ་དབོན་པོ་རབ་འབྱམས་པ་ཀརྨ་ནོར་བུ། མཁན་པོ་ཀརྨ་ཐུབ་བསྟན། བཀའ་བཅུ་ཆོས་དར། ༜འདི་གདན་རབས་ཡིན་པར་མ་ངེས་ཏེ། མཚུར་ཕུར་འོད་ཟེར་གི་གྲྭ་ཚང་འཛུགས་སྐབས་ལེགས་བཤད་གླིང་ནས་གདན་འདྲེན་ཞུས་པ་ཡིན། མཆན། རབ་འབྱམས་པ་ཀརྨ་ལྷ་མཆོག །སློབ་དཔོན་དོ་བོ་རི་པ་ཀརྨ་བློ་མཆོག་བཅས་གདན་རབས་རིམ་བྱོན་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤྱི་དང་བྱེ་བྲག་གི་བསྟན་པའི་གདུགས་དཀར་བགྲང་བྱ་བརྒྱ་དང་དྲུག་ཅུ་རྩ་གྲངས་རིང་འདེགས་པར་མཛད་དེ་རྒྱལ་བའི་བསྟན་པ་རིན་པོ་ཆེར་སྲི་ཞུ་གྱ་ནོམ་པར་བསྒྲུབས་པར་མཛད་དོ། །
བདུན་པ། དེ་ནས་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་རྐྱེན་ནས་ཆུ་རྟ་སྤྱི་ལོ་(༡༦༤༢)ལོར་བཀའ་བརྒྱུད་པའི་ཆོས་སྡེ་སྤྱི་དང་ཀརྨའི་སྒར་ཆེན་གཙོས་པའི་ཀམ་ཚང་གི་དགོན་སྡེ་རྣམས་སོག་པོའི་དམག་གིས་གཏོར་བཅོམ་བྱས་ནས་ཕལ་ཆེར་རྩ་མེད་དུ་གྱུར། འགའ་ཞིག་གྲུབ་མཐའ་བཙན་བསྒྱུར་བྱས་པ་སོགས་ཧ་ལམ་བཀའ་བསྟན་སྟོངས་ལ་ཉེ་བར་གྱུར་པས།
ཆུ་ལུག་སྤྱི་ལོ་(༡༦༤༣)ལོར་གོང་ས་ལྔ་པ་མཆོག་ནས་མཚུར་ཕུ་སོགས་དགོན་པ་ཉེར་གཅིག་གནང་བའི་ཁོངས་སུ་སྨྱུག་ལ་ལེགས་བཤད་གླིང་ཚུར་གཏད་པར། ཟླ་ཕྲེང་རྒྱལ་ཚབ་ལྔ་པའི་རྣམ་ཐར་ལས། “སློབ་དཔོན་ལྷ་མཆོག་གི་བཀའ་དྲིན་གསབ་པའི་ཕྱིར་ལེགས་བཤད་གླིང་དུ་དུས་ཇ་དང་། གཙུག་ལག་ཁང་དུ་བ་དན་བཟང་པོ་ཞིག་ཕུལ།” ཞེས་དང་། “ལེགས་བཤད་གླིང་དུ་སློབ་དཔོན་དོ་བོ་རི་པ་ཀརྨ་བློ་མཆོག་བསྐོས་པ། སྨྱུག་ལར་ལེགས་གླིང་ཚོགས་མང་ལ་སྒྲོལ་དཀར་དང་ཕྱག་རྡོར་རྣམ་འཇོམས་ཀྱི་རྗེས་གནང་སྩལ།” ཞེས་འཁོད་པས། ཆུ་ལུག་སྤྱི་ལོ་(༡༦༤༣)ལོར་སྨྱུག་ལ་ལེགས་བཤད་གླིང་ཚུར་རག་ནས། སློབ་དཔོན་བསྐོ་བ་དང་དབང་ཁྲིད་གནང་བ་སོགས་མཛད་པར་སྨོས་ཀྱང་། ཡང་“ཉིན་གླིང་དུ་དྲུང་རམ་སྨིན་གྲོལ། ཡང་རིར་ཀརྨ་རྣམ་རྒྱལ། མཚུར་གྲྭ་ཚང་དང་། ཟུར་རི་གཉིས་འཛིན་དུ་དྲུང་པ་རིན་པོ་ཆེ། འོད་ཟེར་གླིང་དུ་རབ་འབྱམས་པ་ཡེ་ཤེས། ཚེ་ཆུ་སྒྲུབ་སྡེ་དང་། བྱང་ཆུབ་གླིང་ལ་རྗེ་ཏྲེ་ཧོ་ཆོས་རྗེ་རྣམས་བསྐོས།” ཞེས་རྒྱལ་ཚབ་ལྔ་པའི་རྣམ་ཐར་ཐད་བཀོད་པས། ཤིང་སྤྲེལ་སྤྱི་ལོ་(༡༦༤༤)ལོའི་ནང་ཙམ་ནས་ཟ་དམ་ཉིན་བྱེད་གླིང་སོགས་སུ་མི་སྣ་བཀོད་སྒྲིག་གནང་བར་སྨོས་ཀྱང་། ལེགས་བཤད་གླིང་གི་སྐོར་མི་གསལ་བས། ཤིང་སྤྲེལ་(༡༦༤༤)ལོ་འམ། ཤིང་བྱ་(༡༦༤༤)ལོ་གང་རུང་ལ་སོག་དམག་གིས་སྨྱུག་ལ་ལེགས་བཤད་ཅེས་གྲགས་པའི་བཀའ་བརྒྱུད་པའི་ཀློག་པ་ཐོས་བསམ་གྱི་ཆོས་སྡེ་ཆེན་པོའི་རྟེན་དང་བརྟེན་པ་བཅས་པར་རྩ་གཏོར་བཏང་བར་སེམས།
དེང་གི་སྲིན་འཛིན་ས་ཁོངས་བོད་རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར། ཆུ་ཤུར་རྫོང་། རྟ་དཀར་ཡུལ་ཚོ། རྟ་ནུབ་གྲོང་ཚོའི་ས་ཁོངས་སུ་གནས་པའི་དགའ་ལྡན་ཆོས་འཁོར་ཡང་རྩེ་ནི། དགའ་ལྡན་ཆོས་འབྱུང་བཻ་ཌཱུརྱ་སེར་པོ་ལས། “ཆུ་ཤུར་ལྷུན་པོ་རྩེའི་རྫོང་འོག་སྨྱུག་ལར་ས་ཕོ་བྱི་བའི་ལོ་གསར་དུ་ཚུགས་པ་དགའ་ལྡན་ཆོས་འཁོར་ཡང་རྩེ། སློབ་དཔོན་པ་ཐོག་མ་ཕུན་ཚོགས་པ་ངག་དབང་དགེ་ལེགས། དེ་ནས་སྤྱན་གཡས་པ་བློ་བཟང་རྒྱལ་མཚན་སོགས་ནས། གྲྭ་པ་ཉིས་བརྒྱ་རེ་གསུམ།” ཞེས་བཀོད་ཅིང་། དེང་གི་དགོན་པའི་ལོ་རྒྱུས་མདོར་བསྡུས་ཤོག་བྱང་མ་སྒོ་གོང་དུ་བཀལ་བ་ལས། “ཆུ་ཤུར་རྫོང་དགའ་ལྡན་ཆོས་འཁོར་ཡང་རྩེ་ནི་རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་༧གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་བོད་རབ་བཅུ་གཅིག་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་(༡༦༤༨)ལོར་ཆུ་ཤུར་ཡར་གསུམ་ལྷུན་པོ་རྩེའི་རྫོང་འོག་ཏུ་སྨྱུག་ལར་ཕྱག་བཏབ།” ཅེས་བཻ་སེར་དང་གཅིག་མཚུངས་བྲིས་འདུག་པས། སྨྱུག་ལར་ཕྱག་བཏབ་ཅེས་པའི་ཚིག་ཟུར་ལ་ལྟོས་ན་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་ལེགས་བཤད་གླིང་རྩ་གཏོར་རྗེས་དགོན་ཤུལ་དེར་ཆོས་འཁོར་ཡང་རྩེ་གསར་དུ་བཏབ་པའི་ཟོལ་འདྲ་སྟོན་ཡང་། དོན་དུ་སྔར་ལེགས་བཤད་གླིང་གི་ཆོས་གྲྭ་བཙན་ཤེད་ཀྱིས་གྲུབ་མཐའ་བསྒྱུར་བ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་རྣམ་ཐར་དང་། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གི་ཚིག་ཟིན་གྱི་ཤུགས་ལས་ཤེས་ལ། དེང་སང་དགོན་པའི་གྲྭ་པ་རྣམས་ཀྱི་ངག་རྒྱུན་ལས་ཤོད་སྲོལ་རང་སོར་གནས་པས་ཤེས་རྟོགས་ཐུབ་བོ། །ཐུབ་བསྟན་འོད་ཟེར་དུ་འབོད་པའི་འཁྱམས་པོ་དེས་2021.3.19.ཉིན་ལྷ་སར་བྲིས།
དཔྱད་གཞིའི་ཡིག་ཆའི་སྐོར།
ཆོས་འབྱུང་མཁས་པའི་དགའ་སྟོན།
ཀཾ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ།
སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པའི་རྣམ་ཐར་ཡིད་འཕྲོག་ལྷའི་རྔ་ཆེན།
རྗེ་ཀརྨ་ཕྲིན་ལས་པའི་རྣམ་ཐར་ངོ་མཚར་ཡིད་ཀྱི་ཤིང་རྟ།
དཔའ་བོ་གཙུག་ལག་ཕྲེང་བའི་རྟོགས་བརྗོད།
རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་ཆེན།
ཀརྨ་པ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོ།
དགའ་ལྡན་ཆོས་འབྱུང་བཻ་ཌཱུཪྻ་སེར་པོ།
རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་།
རྩོམ་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
རྩོམ་སྒྲིག་པ། ཉི་མ་ཚེ་དབང་།
སྐུ་ཉིད་ཀྱིས་ལུག་ཚང་དཔལ་ཡོན་འཕྲིན་སྟེགས་སུ་མ་རྩོམ་ཡག་པོ་བསྐུར་བར་ལེགས་སོ་ཞུ།
ཡིག་ཟམ་ཁ་བྱང་འདི་ཡིན། tbsheep@126.com
ཤྭ་སྒམ་དགོན།
གསལ་སྟོང་ཤྭ་སྒམ་གྱི་གདན་ས་གསལ་སྟོང་ཤྭ་སྒམ་དགོན། ས་གནས་ཁྱུང་པོ་སྟེང་ཆེན་རྫོང་གི་ཁོང་ཏོག