ཨ་ཁྲོ་ལྷ་རྩེ་དགོན་པ།
ལྷ་རྩེ་དགོན་ནི་འབྲི་ཟླ་ཟལ་མོ་སྒང་གི་ནང་ཚན། འབྲི་ཆུ་གསེར་གདན་འབབ་པའི་གཡས་ཕྱོགས། སྒ་ཨ་ཁྲོ་སྡེ་པའི་སྡེ་སྟོད་དུ་ཀླུ་ཡུལ་ལེགས་ལྡན་མགོན་པོའི་སྒྲུབ་གནས་ཡོད་པ་དེར་རས་ཆུང་རྡོ་གྲགས་ཀྱི་རྣམ་སྤྲུལ་ཀརྨ་འཇམ་དབྱངས་སྐུ་ཕྲེང་དང་པོ། གྲགས་པ་ཕྲིན་ལས་རྣམ་རྒྱལ་གྱིས་བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ཏེ་སྤྱི་ལོ་༡༣༨༠ལོར་ཕྱག་བཏབ་ནས་ལྷ་རྩེ་དགོན་པ་ཞེས་མཚན་གསོས། དེ་ནས་ཁོང་སྐུ་ཕྲེང་རིམ་བྱོན་རྣམས་དང་བླ་མ་དངོས་གྲུབ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་བསྟན་དགོན་འདི་སྐྱོང་བ་ཡིན། ལྷ་རྩེ་དགོན་པ་ནི་ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན། དུས་འགྱུར་བའི་དབང་གིས་དགོན་འདི་ལ་ཉམས་རྒུད་ཚབས་ཆེན་བྱུང་ཡང་། སྤྱི་ལོ་༢༠༠༥ལོའི་ཟླ་བ་༦པའི་ཚེས་༢༣ཉིན་སྲིད་གཞུང་གིས་ཆོས་སྒོ་འབྱེད་པའི་ཆོག་མཆན་གནང་བ་དང་། སྔོན་གྱི་གདན་ས་དེར་འགྲོ་ལམ་དཀའ་བ་དང་ཆུ་དཀོན་པ་སོགས་དཀའ་ངལ་ཆེན་པོ་ཡོད་པས། སྡེ་དགོན་གཉིས་ཀྱི་གྲོས་མཐུན་ཏེ་ལྷ་རྩེ་དགོན་པ་སྤྱི་ལོ༢༠༠༨ལོར་ལྷ་ལུང་མདའ་ལྷ་ཁྲི་ཁར་སྤོ་རྒྱུ་བྱས་ཏེ་བླ་མ་འཇམ་དབྱངས་སྐུ་ཕྲེང་བཅུ་གསུམ་པ། ཀརྨ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་ཐུགས་ཁུར་རྒྱ་ཆེན་པོ་གནང་སྟེ་ཚོགས་ཆེན་འདུ་ཁང་དང་། ནཱ་རོ་སྒྲུབ་ཁང་། མགོན་ཁང་། ཡིག་གྲྭ་ཁང་། བླ་བྲང་། ཇ་ཁང་། གྲྭ་ཤག་ཅུ་གསུམ་སོགས། རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ཕུན་སུམ་ཚོགས་པ་མཛད་པའོ། །