ལྷ་ཐོག་བན་ཆེན་དགོན།

བན་ཆེན་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནི་བསིལ་ལྡན་ཁ་བའི་ཡུལ་ལྗོངས་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོའི་སྒང་ངམ་སྨར་ཁམས་ཀེ་རེ་ལྷ་སྒང་རིང་མོའི་ཞོལ་ཁམས་ལྷ་ཐོག་རིན་འོད་ཀྱི་མངའ་ཁོངས་སུ་ཐོག་མར་ཆོས་རྒྱལ་ཁྲི་རལ་ཅན་གྱི་བློན་པོ་བན་ཆེན་པོ་དཔལ་གྱི་ཡོན་ཏན་གྱི་གདུང་རུས་ལས་མཆེད་ཅིང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལས་བརྒྱུད་པའི་གཤིན་རྗེའི་སྔགས་ཀྱི་བརྒྱུད་པ་བར་མ་ཆད་པར་གཤིན་རྗེའི་སྔགས་ཀྱི་བཀའ་བབ་ཆེན་པོ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་མཆོག་གིས་ཆགས་བཏབ། དེ་ནས་བཟུང་བན་ཆེན་ཨ་མྱེ་དགེ་དཔལ་བར་རིག་འཛིན་སྔགས་ཀྱི་གདུང་རབས་བཅུ་གསུམ་བྱུང་། འདི་ཡན་སྔགས་ཀྱི་སྦྲ་དགོན་ཞིག་ཏུ་གནས། གདུང་རབས་བཅུ་གསུམ་པ་ཨ་མྱེ་དགེ་དཔལ་མཆོག་གི་སྲས་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོས་རྨོག་ལུང་ཚེ་ཁུག་ཏུ་སྤྱི་ལོ་༡༦༥༨ལོར་འདུ་ཁང་སོགས་གསར་དུ་བཞེངས། སྤྲུལ་སྐུ་མཆོག་རྟེན་དགེ་སློང་ཉིད་དུ་བཞུགས་པས་དེ་ནས་བཟུང་སྤྲུལ་སྐུ་ན་རིམ་ལས་གདུང་བརྒྱུད་འཛིན་པ་མ་བྱུང་ངོ། །སྐུ་ཕྲེང་བཞི་པ་བན་ཆེན་བླ་རྒན་ཞེས་འཆི་མེད་ཚེ་ཡི་རིག་འཛིན་ལ་མངའ་བརྙེས་ཤིང་དགུང་གྲངས་བརྒྱ་ཕྲག་ལྷག་བཞུགས་པ་དེའི་སྐུ་དུས་སུ་པདྨ་ཉིན་བྱེད་དབང་པོས་བན་ཆེན་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་མཚན་གསོལ། དེ་ནས་བཤད་གྲྭ། སྒྲུབ་གྲྭ་གཉིས། བཙུན་མའི་དགོན་པ་གཉིས། རི་ཁྲོད་ཁག་ལྔ་སོགས་གསར་དུ་བཞེངས། སྤྱི་ལོ་༢༠༠༨ལོར་རིས་མེད་འགྲོ་བའི་སྐྱབས་མགོན་༧རྒྱལ་མཆོག་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་དགོངས་བཞེད་དང་། རིས་མེད་མཁས་གྲུབ་རྣམས་ཀྱིས་གསུངས་པའི་ས་དཔྱད་ཡོངས་སུ་རྫོགས་པའི་གནས་མགོ་དཀར་སྒང་གི་མདུན་ཐང་དེར་དགོན་པ་སྤོས་ཤིང་། མཆོག་སྤྲུལ་དམ་པ་ཀརྨ་ཀུན་བཟང་རིན་ཆེན་ནོར་བུ་སོགས་ཀྱིས་ཐུགས་བསྐྱེད་ལས་བཤད་སྒྲུབ་ཀྱི་སྡེ་དང་བཅས་པ་སྔར་བཞིན་ཕལ་ཆེར་ལེགས་པར་གྲུབ། རིག་འཛིན་སྔགས་ཀྱི་གདུང་རབས་དང་པོ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ནས་༢༠༢༠ལོའི་བར་ཕལ་ཆེར་མི་ལོ་བདུན་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད།། །།