༈ བསྡོམ་སྤང་ནག་དགོན་ནི། ཁམས་མདོ་སྟོད་སོག་རྫོང་རེ་ཤོད་རོང་པོ་བསྡོམ་བར་ཤོད་གྲོང་། ཤར་རྨ་བྱ་ཟལ་མོ་སྒང་རྒྱལ་མོ་རྔུལ་ཆུ་དལ་གྱིས་རྒྱུ་བའི་གོང་ན་གནས་ཤིང་། དགོན་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་གྱི་དགོན་ཆུང་བརྒྱ་རྩ་བརྒྱད་བཞེངས་པའི་ཡ་གྱལ་དང་། བསམ་ཡས་གཙུག་ལག་ཁང་དང་དུས་མཉམ་དུ་གྲུབ་པར་གྲགས་པ་མ་ཟད། འདི་བཞེངས་སྐབས་བོད་ལ་སོག་ལེ་དར་མེད་པ་དང་། འདུ་ཁང་གི་ལྡེབས་རིས་དང་། ནང་གི་སྐུ་རྟེན་སོགས་ལ་ཚན་རིག་པས་བརྟག་དཔྱད་བྱས་འབྲས་དགོན་འདི་ལོ་ངོ་། 1340 ལྷག་གི་ལོ་རྒྱུས་ལྡན་ཞིང་། སྤྱི་ལོ་2006ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་ཁག་ཁོངས་སུ་བཙུད། ད་ལྟ་རྒྱལ་བ་འབྲི་གུང་པའི་ཆོས་བརྒྱུད་འཛིན་པ་བཅས་སོ།། །།