དྷཱིཿཕུ་དགོན།

དྷཱིཿཕུ་དགོན་རྣམ་འདྲེན་ཐར་པ་གླིང་ནི།
ཆབ་མདོ་ས་ཁུལ་འཇོ་མདའ་རྗོང་གཏེར་སྟོན་ཡུལ་ཚོའི་ཁོངས་སུ་ཆགས་ཡོད། ཆོས་ལུགས་འབྲུག་པ་དཀར་བརྒྱུད་ཡིན། ཐོག་མར་ཕྱག་འདེབས་མཁན་ཁམས་སྤྲུལ་ཀརྨ་བསྟན་འཕེལ་གྱི་དངོས་སློབ་༧འབྲུག་པ་སྨོན་ལམ་དབང་ཕྱུག་གམ། སྨོན་ལམ་རྒྱ་མཚོ་ཡིན། དུས་རབ་བཅུ་བདུན་པའི་ལོ་རབས་དང་པོ་ཡས་མས་སུ་ཕྱག་བཏབ་ཅིང་ལོ་ངོ་བཞི་བརྒྱར་ཉེ་བའི་ལོ་རྒྱུས་དང་ལྡན། དྲག་པོ་ཆེ་ནི། གཏེར་ཆེན་རོལ་པའི་རྡོ་རྗེ་དྲག་པོ་ཆེའི་གནས་ཕུག་ཏུ་བྱོན། ཚོགས་འཁོར་མཛད་ནས་གུ་རུའི་གནས་ཡིན་གསུངས། མ་ཚད་དགོན་འདིའི་ཚེ་མཚམས་པ་ཨ་རྡོར་བླ་མ་དང་བླ་མ་ཀར་ཆོས་སོགས་སྒྲུབ་པ་ལ་རྟག་ཏུ་འབད་པའི་བླ་མ་མང་པོས་སྒྲུབ་ཕུག་མཇལ་རྒྱུ་ཡོད། ཤེལ་བྲག་ལྷ་རྩེ་ནི། དྷཱིཿཕུ་སྨོན་ལམ་རྒྱ་མཚོ་སྐུ་ཕྲེང་བདུན་པ་གྲུབ་མཆོག་གི་སྒྲུབ་གནས་ཕྱག་ཞབས་ཀྱི་རྗེས་དུ་མ་མཇལ་རྒྱུ་ཡོད། དར་ལ་ནི། དྷཱིཿཕུ་བླ་རྒན་དཀོན་མཆོག་བསྟན་པ་ལ་མ་གཅིག་གིས་ཡང་ཡང་ཞལ་གཟིགས་ཤིང་། ཆོས་དཔལ་ལ་ཉིད་ཀྱིས་བསྐུར་ཏེ་གཅོད་ཚོགས་ནོར་ཕྲེང་རྩོམ་པའི་སྒྲུབ་གནས་ཡིན། ད་ལྟའི་ཆ་ལའང་སྔ་སྲོལ་བཞིན་ཚེས་དུས་སྒྲུབ་མཆོད་རྣམས་ཁམས་སྒར་ལུགས་ལྟར་དང་། བླ་ཁག་བཞི་དང་གྲྭ་ཚང་བཞི་བཅུ་ལྷག་བཅས་ཀྱིས་བསྟན་པ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་སྐྱོང་བཞིན་ཡོད།