ནོར་བུ་དགོན་ཐེག་མཆོག་དར་རྒྱས་གླིང་།

ནོར་བུ་དགོན་ཐེག་མཆོག་དར་རྒྱས་གླིང་ནི། ཀརྨ་ཀཾ་ཚང་གི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཞིག་ཡིན་ལ། དགོན་སྡེ་འདི་གང་དུ་ཆགས་པའི་གནས་ནི། བོད་ལྗོངས་ནག་ཆུ་སོག་རྫོང་དཀར་མོ་ཤང་གྲོང་ཚོ་ལྔ་པའི་མངའ་ཁོངས་སུ་ཡོད་ཅིང་། གྲོང་ཚོ་ནས་བར་ཐག་ལེ་དབར་༣ཙམ་དང་། ཤང་ནས་བར་ཐག་ལེ་དབར་ ༢༢ ས་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༤༣༡༠ཙམ་ཟིན་གྱི་ཡོད། སྙན་རྒྱུད་ཀྱི་ཞལ་སྒྲོས་སོགས་ལས་དགོན་པ་འདི་ཐོག་མར་ཕྱག་འདེབས་པ་པོ་རྒྱ་སྟོན་ཆོས་རྗེ་གླིང་པ་ཞེས་པའི་མཁས་གྲུབ་དམ་པ་དེ་ཡིན་པར་ཡོངས་སུ་གྲགས། ཕྱག་བཏབ་པའི་དུས་ནི། རབ་བྱུང་དྲུག་པའི་བགྲང་བྱ་ང་གཅིག་པའི་མེ་མོ་སྦྲུལ་ལོ་སྟེ། སྤྱི་ལོ་ ༡༣༧༧ ལོར་ཕུན་ཚོགས་དགེ་མཚན་གྱིས་མངོན་པར་ཕྱུག་པའི་དགོན་ས་འདིར་གཏན་ཆགས་ཀྱི་དགོན་པའི་རྣམ་པར་བཞུགས་སུ་གསོལ་བར་མངོན། སྤྱི་ལོ་༡༩༤༠ ཡར་མར་ཞིག་ནས་མགོན་སྤྲུལ་སྐུ་ཕྲེང་བཅུ་གསུམ་པ་ཀུན་བཟང་ཡོངས་འགྲུབ་རྡོ་རྗེ་ཡུལ་འདིར་ཕེབས་ནས་དགོན་པ་འདི་བསྐྱར་བཞེངས་མཛད་དེ་ནོར་བུ་དགོན་ཐེག་མཆོག་གླིང་ཞེས་མཚན་གསོལ། དེ་ནས་བཟུང་དགོན་པ་འདི་མགོན་པོ་དགོན་པའི་དགོན་ལག་ཏུ་གྱུར་པའོ།། ཡང་སྤྱི་ལོ་༡༩༩༨ལོར་བླ་རྒན་ཀུན་ཁྱབ་ཡུལ་འདིར་དངོས་སུ་ཕེབས་ཏེ་བླ་མ་དར་རྒྱས་ཆོས་དབྱིངས་གཙོས་པའི་ཡུལ་མི་རྒན་རིམ་རྣམས་དང་མཇལ་བས་བཀའ་བགྲོས་མཛད་དེ། ནོར་དགོན་ཉམས་གསོའི་ཆེད་དུ་སྡེ་དགོན་གཉིས་ནས་བདག་སྐྱོང་དགོས་ཚུལ་སོགས་ཀྱི་བཀའ་སློབ་ལམ་སྟོན་མཛད། དེ་ནས་མགོན་པོ་དགོན་གྱི་བླ་གྲྭ་སྤྱི་དམངས་ཀྱིས་བཀའ་གྲོས་བགྱིས་པ་དང་ཁྱད་པར་དུ་མགོན་སྤྲུལ་གཞན་ཕན་འོད་ཟེར་གྱིས་བླ་མ་ངེས་དོན་རྒྱ་མཚོ་ནོར་བུ་དགོན་གྱི་བསྟན་བདག་བླ་མར་མངགས་རྒྱུར་ཐག་ཆོད་བྱུང་སྟེ། སྤྱི་ལོ་༢༠༠༤ལོར་ཁོང་སྐུ་དངོས་སུ་དགོན་ནང་དུ་ཆིབས་ཁ་བསྒྱུར་ཏེ་གསེར་ཁྲིར་མངའ་གསོལ། དེ་ནས་གཟུང་ད་ལྟའི་བར་རིན་པོ་ཆེ་ཁོང་གིས་གཟིགས་སྐྱོང་འོག་བསྟན་འགྲོར་སྨིན་པའི་བཤད་སྒྲུབ་ལས་གསུམ་གྱི་བྱ་བཞག་ལ་ཅི་ནུས་ཀྱིས་བརྩོན་བཞིན་པའོ།།