གླ་བྲོ་དགོན།

དཔལ་གླ་བྲོ་བསམ་འགྲུབ་ལྷ་ལྡན་ཆོས་འཁོར་དར་རྒྱས་གླིང་ནི་མདོ་ཁམས་ལྷོ་ཟླ་བོད་ཀྱི་གནས་ཆེན་ཉེར་ལྔའི་ཡ་གྱལ་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་མདུན་རོལ་འབངས་རྒྱམ་ཡུལ་སྡེ་རུ་ཆགས་ཡོད། སྤྱི་ལོ་༡༤༡༩ཡས་མས་ལ་༸རྒྱལ་དབང་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་སློབ་མ་དྲུང་རྨ་སེ་བློ་གྲོས་རིན་ཆེན་སྟོན་འཁོར་དང་བཅས་པ་གནས་ཆེན་རྒྱམ་རྒྱལ་རྡོ་ཏི་རུ་ཕེབས་ཤིང་ཡུལ་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པའི་རྟེན་འབྲེལ་མང་དུ་བྱུང་ཞིང་། ཕེབས་ལམ་ནས་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཀྱིས་ཚོགས་གར་འཁྲབ་པར་གཟིགས་པས་གླ་བ་བདུན་གྱིས་བྲོ་འཁྲབ་པ་མཐོང་ཟེར་བར་རྟེན་འབྲེལ་ལེགས་པར་དགོངས་ནས་གནས་དེ་རུ་དགོན་ས་བཏབ་སྟེ་གླ་བྲོ་བསམ་འགྲུབ་ལྷ་ལྡན་ཆོས་འཁོར་དར་རྒྱས་གླིང་ཞེས་བཏགས། དྲུང་ཉིད་ཀྱིས་སྒྲུབ་གནས་ཀྱང་མཛད་པས་ད་ལྟའང་རྨ་སེའི་སྒྲུབ་ཕུག་ཟེར་བ་ཡོད། དང་ཐོག་བཀའ་བརྒྱུད་ཟུར་ལུགས་ཡིན་ནའང་ཕྱིས་༸བྱམས་མགོན་སི་ཏུ་པདྨ་ཉིད་བྱེད་མཆོག་གིས་ཟུར་མང་ཆེ་ཆུང་གང་ནའང་ཟུར་ལུགས་མིན་པའི་ཀཾ་ཚང་རང་ལུགས་མེད་པས་མ་འོངས་བཤད་སྒྲུབ་ཀྱི་སྡེ་རྒྱས་པར་གཟིགས་ནས་ཀཾ་ཚང་རང་ལུགས་སུ་བསྒྱུར་བས་ད་ལྟ་ཟུར་ལུགས་མ་ཡིན་པའི་ཀརྨ་བཀའ་བརྒྱུད་ཡིན། གཞན་ཡང་དགོན་འདིར་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་ཡན་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་དང་། ༸བྱམས་མགོན་སི་ཏུ་པདྨ་ཉིན་བྱེད་དང་། སི་ཏུ་པདྨ་དོན་ཡོད་གྲུབ་པ་སོགས་སི་ཏུའི་སྐུ་ཕྲེང་རིམ་བྱོན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཕེབས་ཏེ་དགོན་པའི་བཅའ་ཡིག་མཛད་ནས་མ་འོངས་བསྟན་པ་རྒྱས་པར་ལུང་དུ་བསྟན་པ་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མཛད།དགོན་འདིའི་མཆོག་སྤྲུལ་གར་ཐོས་སྤྲུལ་སྐུ་ཕྲེང་རིམ་བྱོན་དང་། ནོར་བུ་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན། མཁན་ཆེན་མི་ཉག་ཨ་དཀར་ཆོས་རྒྱལ་ནས་ད་ལྟའི་སྐྱབས་རྗེ་ཨ་ཆོས་སྤྲུལ་སྐུའི་བར་སྐུ་ཕྲེང་རིམ་བྱོན། ཕུར་པ་བླ་མ་སྐུ་ཕྲེང་རིམ་བྱོན་བཅས་དམ་པའི་སྐྱེས་བུ་མང་དུ་བྱོན། དགེ་འདུན་གྱི་སྡེ་ཡང་འཕེལ།གཙུག་ལག་ཁང་དང་། རྟེན་འགངས་ཆེན་མང་དུ་བཞུགས་ཀྱང་༡༩༥༨ལོའི་དུས་ཟིང་ཆེན་མོའི་སྐབས་ཕལ་ཆེ་བ་རྩ་གཏོར་དུ་སོང་། དུས་ཟིང་རྗེས་༸སྐྱབས་རྗེ་ཨ་ཆོས་སྤྲུལ་སྐུ་གཙོས་དགོན་པའི་གྲྭ་རྒན་རྣམ་པ་དང་ཡུལ་སྡེ་ཚོས་འདུ་ཁང་དང་སྒྲུབ་ཁང་། སྒྲུབ་མཆོད་སོགས་བསྐྱར་གསོ་མཛད་དེ་བསྟན་པ་སླར་གསོ་ལེགས་པོ་བྱུང་། ༢༠༡༠ལོར་ཡུལ་ཤུལ་ས་འགུལ་ཆེན་མོའི་སྐབས་དགོན་འདིའི་འདུ་ཁང་དང་མགོན་ཁང་གྲྭ་ཤག་སོགས་ལ་གནོད་སྐྱོན་ཚབ་ཆེན་བྱུང་བས་སླར་རང་དགོན་གྱི་མཆོག་སྤྲུལ་གར་ཐོས་རིན་པོ་ཆེ་དང་། ནོར་བུ་སྤྲུལ་སྐུ་རིན་པོ་ཆེ། སྐྱབས་རྗེ་ཨ་ཆོས་སྤྲུ་སྐུ་རྣམ་གསུམ་གཙོས་སྡེ་དགོན་གཉིས་ཀྱིས་ནུས་ཤུགས་ཡོད་དགུ་ཕྱུང་བ་དང་། གཞན་འབྲེལ་ཡོད་གོང་རིམ་བཅས་ཀྱིས་གདན་ས་གསར་རྒྱག་གི་ལས་ལ་འབད་པ་ཆེན་པོས་གཙུག་ལག་ཁང་ཆེན་མོ་མི་ཕམ་དགྱེས་པའི་གཞལ་མེད་ཁང་དང་། བཤད་གྲྭ་བཤད་སྒྲུབ་བསྟན་འཕེལ་གླིང་། ནཱ་རོ་ཆོས་དྲུག་སྒྲུབ་ཁང་། གྲོ་ལོད་སྒྲུབ་ཁང་། ཕུར་པ་སྒྲུབ་ཁང་། མགོན་པོའི་སྒྲུབ་ཁང་སྟེ་སྒྲུབ་ཁང་ཁག་བཞི།བཙུན་མའི་དགོན་པ་གཅིག བླ་བྲང་ཁག་བཞི། དགོན་པའི་ཡིག་གྲྭ། དཔེ་མཛོད་ཁང་། གྲྭ་ཤག དགོན་པའི་གཞུང་དོན་ཁང་སོགས་སྔ་ལས་རྒྱ་བསྐྱེད་ཀྱིས་གསར་བཞེངས་ལེགས་གྲུབ་བྱུང་སྟེ་དེང་གི་ཆར་དགོན་པའི་སྤྲུལ་སྐུ་རྣམ་པ་དབུར་བཞུགས་པ་དང་། ལྷག་པར་མདོ་སྔགས་རབ་འབྱམས་པ་མཁན་པོ་ཚེ་རིང་བདེ་ཆེན་རང་དགོན་དུ་གདན་དྲངས་ནས་བཤད་གྲྭའི་ལས་ཐོག་མཁན་ཆེན་དང་དགོན་པའི་དབུ་འཛིན་གནང་ཐོག་བཤད་སྒྲུབ་ཀྱི་སྡེ་སྔ་ལས་འཐུས་སྒོ་ཇེ་ཚང་གིས་བཤད་གྲྭའི་འཆད་རྩོད་རྩོམ་གསུམ་ཚད་ལྡན་དང་།སྒྲུབ་མཆོད་ལ་རང་ལུགས་ཀྱི་བཀའ་སྲོལ་ཡི་དམ་ཕག་བདེ་རྒྱལ་གསུམ།མགོན་པོ། ཐུགས་རྗེ་གསང་འདུས། ཕུར་སྒྲུབ། གྲོ་ལོད། ཞི་ཁྲོ། ཀུན་རིགརྡོར་སེམས། ཞིང་སྒྲུབ། ཚེ་སྒྲུབ་སོགས་སྔོན་གྱི་དམ་པ་གོང་མའི་ཕྱག་སྲོལ་དང་། ཐོས་བསམ་སྒོམ་པའི་ཉམས་ལེན་ཏེ་འདོར་ན་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་རང་ལུགས་དྭགས་པོ་བཀའ་བརྒྱུད་ཀྱི་བཀའ་སྲོལ་དར་ཞིང་རྒྱས་པས་གནས་བཞིན་པ་ལགས་སོ།།

ཚ་བ་རོང་རྩྭ་ཐང་དགོན།

ལྷོ་ཚ་བ་རོང་རྩྭ་ཐང་དགོན་དམ་ཆོས་སྐྱེད་ཚལ་གླིང་།

ཕྱི་ལོ་༡༩༤༠ ལོར་གྲུབ་པའི་དབང་ཕྱུག་པདྨ་ཆོས་དབྱིངས་རང་གྲོལ་མཆོག་གིས་དགོན་པ་འདི་ཉིད་ཕྱག་བཏབ། ཚ་བ་རོང་དང་། དངུལ་ཆུ་ཁ། གོ་འཇོ་སོགས་ཡུལ་ཕྱོགས་མང་པོ་ནས་འདུས་པའི་སློབ་མའི་གྲངས་སུམ་བརྒྱ་ལས་བརྒལ་བར་བྱུང་། དེ་དག་གིས་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་དང་། གསར་རྙིང་གི་ཡི་དམ་ཞི་ཁྲོའི་བསྙེན་སྒྲུབ་ལས་གསུམ་ལ་བརྩོན་པར་མཛད་པས་བསྟན་དགོན་དར་ཞིང་རྒྱས་པར་གྱུར། ༡༩༥༩ ལོར་བསྟན་དགོན་ལ་ཉམས་རྒུད་ཆེན་པོར་སོང་། ༡༩༩༥ ལོར་གྲུབ་དབང་སྙན་པའི་འབྲུག་གྲགས་མཆོག་གིས་ཚ་བ་རོང་པའི་ཡུལ་མིའི་རེ་བ་ལྟར་དུ་དགོན་པ་བསྐྱར་གསོ་མཛད་པས་ཚ་བ་སྒང་དང་། རྫ་སྟོད། འབྲོག་སྒང་། འབའ་བ། ཚ་བ་རོང་སོགས་ཡུལ་ལུང་དུ་མ་ནས་སློབ་མ་མང་པོ་འདུས། ཀཾ་ཚང་རང་ལུགས་ཀྱི་རྒྱུད་སྡེ་དང་སྒྲུབ་ཐབས་རྣམས་ཀྱི་དབང་ལུང་ཁྲིད་གསུམ། ཕྱག་ཆེན་དང་ཆོས་དྲུག་སོགས་ཀྱི་ཁྲིད་གནང་ཤིང་བསྟན་པ་རྒྱས་པར་གྱུར་སྐབས། སྲིད་གཞུང་ལས་དགོན་པ་བསྐྱར་གསོའི་ཆོག་མཆན་མ་ཐོབ་རྐྱེན་གྱིས་གཙུག་ལག་ཁང་སྒོ་རྒྱབ་པ་སོགས་བྱས་པས་ལོ་བཅུ་ཕྲག་གཅིག་ལྷག་ཙམ་ལ་དགོན་པ་སྟོང་པར་གྱུར། ༢༠༡༡ ལོར་སྲིད་གཞུང་ལས་དགོན་པ་བསྐྱར་གསོའི་ཆོག་མཆན་ཐོབ། དེ་ནས་བླ་མ་མི་འགྱུར་བཟང་པོ་དང་། ཆོས་ཀྱི་སེང་གེ་སོགས་ཀྱིས་དགོན་པ་བསྐྱར་གསོའི་ལས་ཀ་དབུ་བཟུང་སྟེ་ཐོག་མར་སློབ་གྲྭ་གསར་འཛུག་བྱས། དེ་ནས་བཟུང་གྲྭ་ཚང་འདུས་སྡེ་ཇེ་མང་དུ་གྱུར་ནས་༢༠༡༢ ལོར་གཙུག་ལག་ཁང་བཞེངས་པའི་དབུ་བཟུང་སྟེ་༢༠༡༦ ལོར་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ། ༢༠༡༣ ལོར་བཤད་གྲྭ་དབུ་འཛིན་བྱས་ཏེ་མདོ་སྔགས་ཀྱི་གཞུང་ཆེན་རྣམས་འཆད་ཉན་གྱི་དབུ་ཚུགས། ༢༠༡༥ ལོར་ཆོས་དྲུག་སྒྲུབ་ཁང་གསར་བཞེངས་གྲུབ་ནས་ཕྱག་ཆེན་དང་ཆོས་དྲུག་སོགས་ཉམས་བཞེས་ཀྱི་དབུ་ཚུགས། ༢༠༡༦ ལོར་མགོན་ཁང་ཆེན་མོ་གསར་བཞེངས་ལེགས་པར་གྲུབ། ལོ་དེར་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་དགོན་པ་ལ་དམ་ཆོས་སྐྱེད་ཚལ། སློབ་གྲྭ་ལ་འཇམ་དབྱངས་དགའ་ཚལ། བཤད་གྲྭ་ལ་ལེགས་བཤད་སྐྱེད་ཚལ། སྒྲུབ་ཁང་ལ་བསམ་གཏན་སྐྱེད་ཚལ། མགོན་ཁང་ལ་བསིལ་བ་ཚལ་ཞེས་མཚན་གནང་། ལོ་རྟག་པར་བདེ་ཆེན་ཞིང་སྒྲུབ་དང་། དགེ་བསྙེན་ཆོས་ཚོགས། སྨོན་ལམ་ཆེན་མོ། མར་མི་དྭགས་གསུམ་དང་དུས་གསུམ་མཁྱེན་པའི་འདས་མཆོད། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། མགོན་སྒྲུབ་དགུ་གཏོར་ཆེན་མོ་གར་འཆམ་དང་བཅས་པ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་མར་ལུགས་རྒྱུད་སྡེ་བཅུ་གསུམ་གྱི་སྒྲུབ་མཆོད་བཅས་འཚོགས་པའི་སྲོལ་ཚུགས་ཡོད།

ཀརྨ་རིག་གྲོལ་ནས།

འབོ་གངས་དཀར་དགོན།

༄༅། །མི་ཉག་འབོ་གངས་དཀར་དགོན་པའི་ལོ་རྒྱུས།

༡༽འབོ་གངས་དཀར་དགོན་པའི་མཚན་གྱི་འབྱུང་ཁུངས།
འབོ་གངས་དཀར་དགོན་པ་ནི་གནས་ཆེན་གངས་དཀར་རི་བོའི་མདུན་དུ་ཕྱག་བཏབས་པ་ཡིན་པས་ན་དགོན་པའི་མཚན་ལའང་འབོ་གངས་དཀར་དགོན་ཞེས་མཚན་ཐོབ། གངས་དཀར་རི་བོ་ནི་བོད་ཀྱི་ཡུལ་དུ་སྙན་གྲགས་ལྡན་པའི་གངས་རི་ཆེན་པོ་བཞི་ཡོད་པའི་ནང་གི་གནས་ཆེན་ཞིག་ཡིན་པ་མ་ཟད། སློབ་དཔོན་པདྨ་འབྱུང་གནས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱིས་ལུང་གིས་ཡང་ཡང་ཟིན་པ་དང་། སྒྲུབ་ཕུག་དང་གནས་ཁྱད་འཕགས་ཤིན་ཏུ་མང་། རྗེ་བཙུན་སྒྲོལ་མའི་གནས་ཀྱི་ཉེ་སྐོར་སྲ་མཁྲེགས་བྲག་ལས་གྲུབ་པ་དང་ཕག་མོའི་གནས་སོགས་སུ་བྲག་གི་ངོར་དེ་དག་གི་སྐུ་དང་སངས་རྒྱས་སྟོང་སྐུ་སོགས་སྐུ་དུ་མ་དང་ཕྱག་མཚན་རྣམས་ལྷམ་མེར་བཀྲ་ཡོད་པ་དང་། རྡོ་རྗེ་ཕག་མོའི་སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས་འབུར་དུ་དོད་པ། རྒྱ་གར་གྲུབ་ཆེན་བརྒྱད་ཅུ། རྗེ་འབངས་ཉེར་ལྔ། ལྷ་ལུང་དཔལ་རྡོར། ཀརྨ་པ་སྐུ་རབས་མང་པོ་སོགས་ཀྱི་ཞབས་ཕྱག་གི་རྗེས་ལ་སོགས་པ་གྲུབ་རྟགས་ཀྱིས་ཡོངས་སུ་གང་བ། གཞན་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཞིག་པོ་གཉིས་མེད་རྡོ་རྗེ། གྲུབ་པའི་དབང་ཕྱུག་ཀུན་དགའ་རྒྱལ་མཚན། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སོགས་གྲུབ་ཆེན་མང་པོས་ཞབས་ཀྱིས་བཅགས་ཤིང་། རྫུ་འཕྲུལ་གྱི་བཀོད་པ་དུ་མས་བྱིན་གྱིས་རླབས་པའི་གནས་ཆེན་ཞིག་ཡིན་ནོ།།

༢༽ འབོ་གངས་དཀར་དགོན་རྙིང་།
གནས་ཆེན་དེར་རབ་སྟོང་ཚར་སྒང་གི་གྲུབ་ཐོབ་རྣམ་གསུམ་གྱི་ཡ་གྱལ་དཔལ་ཨ་ར་ཆོས་རྗེ་ཉི་མ་རྒྱལ་མཚན་གྱིས་དུས་རབས་བཅུ་གསུམ་པའི་དཀྱིལ་བོད་རབ་བྱུང་བཞི་པའི་སྨད་ཙམ་ལ་སྒྲུབ་ཁང་ཆུང་ངུ་ཞིག་བཏབ། རྗེས་སུ་ཨ་ར་ཆོས་རྗེའི་དབོན་བླ་མ་གྲགས་པའི་དཔལ་གྱིས་རང་གི་བླ་མའི་སྒྲུབ་ཁང་དེ་རྒྱ་ཆེ་རུ་བསྐྱེད་ནས་རི་ཁྲོད་ལྟ་བུ་ཞིག་བཞེངས་པས། མཚམས་བསྙེན་སྒྲུབ་མཛད་མཁན་དང་ཕྱག་དང་སྐོར་བ་བྱེད་མཁན་མང་དུ་འཕེལ་བས། རི་ཁྲོད་དེར་གངས་དཀར་དགོན་ཞེས་དང་། བླ་མ་གྲགས་པའི་དཔལ་ལའང་གངས་དཀར་བླ་མ་ཞེས་པའི་མཚན་ཐོབ། རབ་བྱུང་ལྔ་པའི་ཤིང་བྱ་ལོ་སྟེ་སྤྱི་ལོ་༡༢༨༥ ལོར་གངས་དཀར་སྒྲུབ་སྡེ་འདི་བཏབས་པའོ།།

༣༽ ཁམས་གསུམ་གྲགས་དགོན་པ།
གངས་དཀར་ཡང་དགོན་ནམ་རྨ་སེ་དགོན་ཁམས་གསུམ་གྲགས་བདེ་ཆེན་གླིང་ནི་གངས་དཀར་སྐུ་རབས་གཉིས་པ་རྨ་སེ་རིན་ཆེན་བཟང་པོས་རབ་བྱུང་དྲུག་པའི་ཆུ་བྱི་ལོ་སྟེ་སྤྱི་ལོ་༡༣༧༢ལོ་ལ་གཟིམ་ལམ་དང་གང་ཅིར་རྟེན་འབྲེལ་བཟང་པོ་གཟིགས་ནས། ཤར་མི་ཉག་རིང་མོའི་དབུས། འབོ་གངས་དཀར་རི་བོ་དང་རྟ་པ་ཉིན་ལམ་གཅིག་གིས་ཆོད་པའི་སར། རྒྱབ་རི་གར་མིའི་སྐེད་པར་དཔལ་འཁོར་ལོ་བདེ་མཆོག་གི་གནས་སུ་དགོན་བཏབས་པ་དེར་ཐོག་མར་དགོན་གྱི་མིང་ཡང་དགོན་ཞེས་དང་རྗེས་ནས་རྨ་སེ་དགོན་ཁམས་གསུམ་གྲགས་བདེ་ཆེན་གླིང་ཞེས་རླུང་ལྟར་གྲགས་སོ།།རྗེས་སུ་དགོན་དེར་རྗེ་རྨ་སེ་རིན་ཆེན་བཟང་པོ་རྒྱུན་བཞུགས་མཛད་ཅིང་། བཤད་གྲྭ་དང་སྒྲུབ་གྲྭ་བཙུགས། བསྟན་པ་ཤིན་ཏུ་རྒྱས། རྒྱུན་བཞུགས་ཀྱི་སློབ་ཚོགས་ཀྱང་དྲུག་བརྒྱ་ལྷག་ཙམ་དུ་འཕེལ། གངས་དཀར་དགོན་རྙིང་དང་རྨ་སེ་དགོན་གཉིས་ཀྱི་བདག་པོ་རྗེ་རྨ་སེ་རིན་ཆེན་བཟང་པོས་མཛད་དོ། །

༡༽འབོ་གངས་དཀར་དགོན་པའི་མཚན་གྱི་འབྱུང་ཁུངས།
༢༽ འབོ་གངས་དཀར་དགོན་རྙིང་།
༣༽ ཁམས་གསུམ་གྲགས་དགོན་པ།
༤༽འབོ་གངས་དཀར་དགོན་གྱི་འཕོ་འགྱུར།
༥༽ རྨ་སེ་དགོན་ཁམས་གསུམ་གྲགས་བསྐྱར་གསོ་སྐོར།
༦༽རིག་གནས་གསར་བརྗེད་རྗེས་ཀྱི་གངས་དཀར་དགོན།
༧༽ རྨ་སེ་དགོན་གནས་སྤོ་རྗེས་ཀྱི་དགོན་པའི་འཕེལ་རྒྱས།
༨༽དེ་སང་འབོ་གངས་དཀར་དགོན་པའི་གནས་བབ།

ཐེག་མཆོག་བསྟན་འཛིན་ནས།

གདན་ས་དཔལ་སྤུངས།

དཔལ་སྤུངས་གདན་ས་འདི་སྔར་འཇིག་རྟེན་གསུམ་མགོན་གྱི་ཐུགས་སྲས་དཔལ་ལྡན་བྱང་ཆུབ་གླིང་པས་གནས་དེར་ཐོག་མར་དགོན་པ་བཏབ་པས་དགོན་མིང་ལ་དཔལ་ལྡན་བྱང་ཆུབ་གླིང་ཞེས་བརྗོད་པར་བྱུང་ཁམས་པའི་ངག་རྒྱུན་དུ་སྤེའུ་བྱང་ཆུབ་གླིང་དགོན་ཡང་ཟེར་སྲོལ་ཡོད། དེ་ལྟར་བཤད་སྒྲུབ་གཉིས་ཀྱིས་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་ནས་ལོ་གྲངས་བཅུ་ཕྲག་མང་པོར་བསྐྱངས། རབ་བྱུང་ལྔ་པའི་ལྕགས་སྟག་སྤྱི་ལོ་1290ལོར་འབྲི་གུང་གདན་སར་ས་སྐྱའི་དཔོན་ཆེན་ཨག་ལེན་གྱིས་དཔུང་ཆེན་དྲངས་ནས་ས་སྐྱའི་འབྲི་གུང་དབང་བསྒྱུར་དུས་སུ་དེ་སྐབས་ཁམས་དབུས་ཀྱི་འབྲི་གུང་དགོན་སྡེ་མང་པོ་ས་སྐྱ་ལ་བསྒྱུར་དགོན་འདིའི་མ་ལག་དང་བཅས་པ་དེ་དུས་ས་ལུགས་སུ་བསྒྱུར། དེ་ནས་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་མངའ་རིས་རབ་འབྱམས་ཚུལ་ཁྲིམས་འོད་ཟེར་གྱིས་གདན་ས་བཟུང་ནས་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་འཁོར་ལོ་ཟབ་རྒྱས་བསྐོར། འཆད་རྩོད་རྩོམ་གསུམ་གྱིས་དཔལ་ལྡན་ས་སྐྱའི་བསྟན་པ་རྒྱ་ཆེར་རྒྱས་པར་མཛད། དེ་ལྟར་དཔལ་ལྡན་ས་སྐྱའི་མཁན་པོ་དཔལ་ལྡན་ལྷུན་གྲུབ་ཀྱི་བར་དུ་དར་རྒྱས་སུ་བཞུགས། དེ་སྐོར་སྤེའུ་བྱང་ཆུབ་གླིང་འདིར་ཨ་བྲས་བཤིགས་ཞེས་ལུང་བསྟན་ཡོད་སྐད་ཀྱིས་གྲྭ་པ་ཚོས་སྲོག་ཆགས་ཨབ་ར་ལ་སྡང་བར་བྱས་ཀྱང༌། རྗེས་སུ་ཤིང་མཁན་ཨ་ར་ཟེར་བ་ཞིག་གིས་དགོན་པ་མེ་ལ་ཤོར་བས་དགོན་པའི་རྟེན་དང་བརྟེན་པ་ཡོངས་རྫོགས་བརླགས་སོང་བ་རེད་ཅེས་བཤད་སྲོལ་ཡོད་པ་ལྟར་ཕྱིས་སུ་ས་རྐོ། རྡོ་སློག་བྱས་སྐབས་ཁང་པའི་ཀ་བ་དང༌། རྒྱ་བཟོས་ཀྱི་གན་ཛིར་པ་ཊ་སོགས་ས་འོག་ནས་མཐོང་རྒྱུ་ཡོད་དེ་ལྟར་དགོན་ཤུལ་ཚཱ་ཁང་དམར་གདུང་མ་ཟེར་བ་ཞིག་ལས་མེད་པར་ས་སྟོང་དུ་གྱུར།
དེ་ལྟར་སྡེ་བཞི་དགེ་བཅུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཕྱི་ལྟར་བསྔགས་པ་འོས་པའི་ཡོན་ཏན་དུ་མའི་དཔལ་གྱིས་སྤུངས་པ། ནང་ལྟར་མཁས་གྲུབ་སྐྱེས་ཆེན་དུ་མའི་གདན་ས། འཁོར་ལོ་གསུམ་གྱི་བསྟན་པའི་མཛེས་རྒྱན་བཀྲ་བ་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་དཔལ་གྱིས་སྤུངས་པ། གསང་བ་ལྟར་ན་ཨོ་རྒྱན་པདྨས་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཡོན་ཏན་ཐུགས་ཀྱི་གནས་དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག་གི་མདུན་ཞོལ་སྔོན་དུས་རྗེ་མར་པས་བསྟན་པ་རྒྱས་པ་ལུང་བསྟན་པའི་གནས་ཁྱད་དུ་འཕགས་པ་དེེར། སི་ཏུ་ཆོས་ཀྱི་འབྱུང་གནས་དགུང་ལོ་ཉི་ཤུ་རྩ་བརྒྱད་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོ་སྟེ་སྤྱི་ལོ་1727ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་དང་ཨ་ལོ་བླ་མ་ཀུན་མཁྱེན་གཉིས་དཔལ་འབྱོར་དགོན་ནས་གནས་དེར་ཞབས་ཀྱིས་བཅགས་ནས་དགོན་པ་འདེབས་སའི་ས་དཔྱད་གཟིགས་སྐབས། ད་ལྟའི་འདུ་ཁང་བཞུགས་པའི་ས་དེར་རྡོ་ཞིག་གི་ཐོག་ཏུ་ནས་བཟང་པོ་ཁྱོར་གང་ཙམ་ཡོད་པ་དེ་བྱེའུ་ཞིག་གིས་བསྲུངས་ནས་འདུག་པ་མཐོང་བས་དེར་དགོན་པ་འདེབས་རྒྱུའི་རྟེན་འབྲེལ་འགྲིགས་སྟབས་སི་ཏུ་ཆོས་འབྱུང་དཔོན་སློབ་གཉིས་ཀྱིས་ཐུགས་ཐག་བཅད། ནས་དེ་དཔལ་སྤུངས་དགོན་པའི་རྟེན་སྒམ་དུ་ཡོད་པ་ཆོས་འབྱུང་རྣམ་ཐར་དུ་གསལ། ཟླ་བ་གསུམ་པའི་ཚེས་ཀར་ས་སློང་མཛད་དེ་སྡེ་དགེའི་གཉེར་ཆེན་ཆོས་སྐྱོང་བཀྲ་ཤིས་ལས་དཔོན་མཛད་ནས་རྨང་གདིང༌། སྡེ་དགེ་རྒྱལ་པོས་འུ་ལག་གནང་སྟེ་ལོ་གཉིས་ཙམ་གྱིས་གཙུག་ལག་ཁང་དང་གྲྭ་ཁང་ཉེར་ལྔ་ཙམ་བཞེངས་གྲུབ། དེ་སྐབས་རྗེ་ཉིད་ཙཱ་འདྲ་རིན་ཆེན་བྲག་ཏུ་སྐུ་མཚམས་བཅད་རྒྱ་མཛད།
དེ་ནས་ས་མོ་བྱ་ལོ་སྟེ་སྤྱི་ལོ་1729ལོར་སྡེ་དགེ་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་སྟོན་འཁོར་དང་བཅས་པ་ཤར་དཔལ་སྤུངས་སུ་བྱོན་ནས་དགོན་པ་བཏབ་པའི་ལེགས་སྐྱེས་དངོས་པོ་གྱ་ནོམ་པ་གནང་བ་དང་ཆབས་ཅིག་སྡེ་དགེའི་མངའ་ཁོངས་སུ་གཏོགས་པའི་ཕྱི་འབྲོག་པདྨ་དཔོན་ཁག་རྣམས་དང༌། ཨ་ལོ། དཔེ་ཝར། ལྷ་རུ་བཅས་ནས་བཙུན་ཁྲལ་ལྔ་བརྒྱ་ལྷག་བཀས་བཅད་ནས་གནང་། སི་ཏུ་སྐུ་ཕྲེང་ན་རིམ་སྡེ་དགེ་ཚང་གི་དབུ་བླར་གྱུར་ནས་སྡེ་དགེ་ཚང་གི་ཆོས་སྲིད་ལ་དཔལ་སྤུངས་སི་ཏུ་སྐུ་རབས་ཀྱིས་ཕན་བདེའི་ཕྲིན་ལས་རྒྱ་ཆེར་སྤེལ་བ་དང༌། ལྷག་དོན་རྒྱལ་བསྟན་སྤྱི་དང་བྱེ་བྲག་དྭགས་བརྒྱུད་ཀྱི་བསྟན་པ་ས་ཕྱོགས་དེ་ནས་རབ་ཏུ་འབར་བའི་སྐལ་བཟང་བྱུང༌། དེ་ནས་སི་ཏུ་པདྨ་ཉིན་བྱེད་དང་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་སྒྲུབ་སྡེ་གོང་འོག་གཉིས་གསར་དུ་བཙུགས་པ་དང༌། སི་ཏུ་པདྨ་དབང་མཆོག་རྒྱལ་པོས་རབ་བྱུང་བཅུ་དྲུག་པའི་མེ་ཡོས་སྟེ་སྤྱི་ལོ་1927ལོར་དཔལ་སྤུངས་འདུ་ཁང་ཆེན་མོ་རྒྱ་བསྐྱེད་གནང་བ་དང༌། བཤད་གྲྭ་རྒྱ་བསྐྱེད་དང༌། སྤར་ཁང་བཅས་གསར་བཞེངས་དང་ཞིག་གསོས་མཛད། དབོན་སྤྲུལ་དབང་གི་རྡོ་རྗེས་སྒྲུབ་སྡེ་འོག་མ་གསར་བཞེངས་རྒྱ་བསྐྱེད་གནང་། འཇམ་མགོན་ཀོང་སྤྲུལ་གཉིས་པ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱིས་སྒྲུབ་སྡེ་གོང་མ་རྒྱ་བསྐྱེད་གནང་ཞིང༌། ཀར་རབས་ལྷ་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད་པ། བེ་རུ་མཁྱེན་བརྩེས་ཀུན་རིག་སྒྲུབ་ཁང་གསར་བཞེངས་མཛད་པ་སོགས་གནས་དེར་ལུང་རྟོགས་གཉིས་ཀྱི་བསྟན་པ་ཕྱོགས་མཐར་རྒྱས་པའོ། །རིག་གསར་སྐབས་བོད་གངས་ཅན་གྱི་ཆོས་ལུགས་ལ་ཉམས་རྒུད་འབྱུང་བ་ལྟར་འདུ་ཁང་ཙམ་མ་གཏོགས་ཕལ་ཆེར་ཉམས་གུད་དུ་གྱུར། སླར་ཡང་རྒྱལ་བསྟན་གསོ་བའི་གོ་སྐབས་འབྱུང་བ་ལ་བརྟེན་༸་བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱ་ཡི་སི་ཏུ་པདྨ་དོན་ཡོད་ཉིན་བྱེད་མཆོག་གིས་ཐུགས་བསྐྱེད་ཀྱིས་ཕྱི་ཡི་གཙུག་ལག་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་བ་དང་འདུས་པའི་སྡེས་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོའི་དུས་འདའ་ནས་ལུང་རྟོགས་ཀྱི་བསྟན་པ་སྔ་ལས་ལྷག་པ་དར་ཞིང་རྒྱས་པ་ལགས་སོ། །