ཀརྨ་ལྷ་སྟེང་དགོན།

༡༽ཀརྨ་ལྷ་སྟེང་དགོན།
འོག་མིན་ཀརྨ་ལྷ་སྟེང་ཕུན་ཚོགས་འདུ་གླིང་ནི་བོད་ལྗོངས་ཆབ་མདོ་རྫོང་ཡོར་པ་གྲོང་ཚོའི་མདུན་ཕྱོགས་རྫ་སྤང་དང་ནགས་རི་འདྲེས་པའི་རི་བོ་མཐོན་པོའི་འཐིལ་སྤང་ལྗོངས་མཛེས་པའི་ཐོག་ཏུ་ཆགས་པའི་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཡིན་ལ། མཛེས་སྡུག་ཕུན་སུམ་ཚོགས་པའི་འོག་མིན་ལྷ་ཡི་དགའ་ཚལ་ས་སྟེང་དུ་འཕོས་པ་འདྲ་བས་ལྷ་སྟེང་ཞེས་ཐོག །གནའ་བོའི་ངག་རྒྱུན་ལྟར་ན་དགོན་འདི་ནི་རབ་བྱུང་གསུམ་པར་དཔལ་ལྡན་དུས་གསུམ་མཁྱེན་པས་སྒྲུབ་གནས་མཛད་ཅིང་། ཁོང་གི་སློབ་མའི་གཙོ་བོ་འགྲོ་མགོན་རས་ཆེན་མཆོག་དགོན་པའི་མདུན་ཞོལ་གྱི་འགྲོ་མགོན་ཕུག་ཏུ་ལོ་དགུ་དང་ཟླ་དགུར་བཅད་རྒྱར་བཞུགས་ཤིང་གནས་སྒོ་ཕྱེས། རབ་བྱུང་ལྔ་པའི་ཆུ་ཡོས་ལོར་ཀརྨ་པ་རང་བྱུང་རྡོ་རྗེས་རྟེན་བརྟེན་པ་དང་བཅས་པ་སྐྱར་བཞེངས་རྒྱ་བསྐྱེད་མཛད། བསྟན་བཅོས་མང་དུ་བརྩམས་ཤིང་བསྟན་འགྲོའི་འགྲོ་དོན་མཛད། ལྷ་སྟེང་གི་ནགས་རི་ལ་མེ་ཆེན་འབར་ཡང་བདེན་ཚིག་བརྗོད་དེ་སེ་གོལ་མཛད་པའི་མོད་ལ་གློ་བུར་དུ་ཞི། རྒྱ་ནག་གོང་མ་ཆེན་མོས་རྒྱ་ཡུལ་ལ་གདན་དྲངས་ཏེ་ལྷ་སྟེང་གི་ཆོས་བྱེད་མི་སྣ་ཡོངས་ལ་ཁྲལ་དང་གནོད་འཚེ་མི་ཆོག་པའི་རྒྱལ་པོས་བཀའ་ཤོག་རྒྱ་ཡིག་ཐམ་ཀ་གསུམ་ཡོད་པ་གནང་། སློབ་མའི་གཙོ་བོ་ནགས་མགོ་བ་རིན་ཆེན་འབྱུང་བ་དང་ལྡོང་སྟོན་གཞོན་ནུ་འབུམ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་བསྐྱེད་སྲིང་མཛད་ཅིང་བཤད་སྒྲུབ་ཀྱི་ཕྱག་ལས་རྒྱ་ཆེན་སྤེལ། ཁོང་གི་དངོས་སློབ་རིན་ཆེན་འབྱུང་ཀརྨ་ལྷ་སྟེང་གི་མདུན་རི་ནགས་མགོ་རུ་བཞུགས་ཏེ་སྒྲུབ་སྡེ་བསྐྱངས་པས་རྗེ་བཙུན་ནགས་མགོ་བར་གྲགས་ཏེ་སྒོམ་ཆེན་ཉམས་རྟོགས་མཐར་ཕྱིན་པ་ལྔ་བརྒྱ་ལྷག་བསྐྱངས་པ་དང་། ཀརྨ་ལྷ་སྟེང་དང་ཉེ་བའི་རི་མགོ་དགོན་དུ་གདན་ས་བཏབ་སྟེ་དགེ་འདུན་པའི་སྡེ་བསྐྱངས་པས་རི་མགོ་བ་ཞེས་པའི་མཚན་ཡང་ཐོག་ལ་རྗེ་ཉིད་ཀྱི་གདུང་འབུམ་ལྔ་ཚོམ་འབུམ་པ་ད་ལྟ་ཡང་གཟི་བྱིན་དང་བཅས་པར་སྐྱེ་འགྲོའི་དད་རྟེན་དུ་བཞུགས་ཡོད། ལྡོང་སྟོང་གཞོན་ནུ་འབུམ་གྱིས་བཟོ་བོ་ལྷ་ལས་བབས་པར་གྲགས་པ་གདན་དྲངས་ནས་ཇོ་བོ་མཐོང་གྲོལ་ཆེན་མོ་གཙོས་པའི་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་སོགས་དགོན་འདིའི་བཤད་སྒྲུབ་ཀྱི་ཕྱག་ལས་རྒྱ་ཆེན་མཛད། དེ་ནས་སི་ཏུ་རིམ་བྱོན་གྱིས་གདན་ས་འཛིན་སྐྱོང་སྤེལ་གསུམ་གནང་བ་དང་སི་ཏུ་མི་འཁྲུགས་ཆོས་ཀྱི་རྒྱལ་མཚན་གྱིས་གཙུག་ལག་ཁང་རྒྱ་བསྐྱེད་མཛད། ལྷག་པར་དུ་རྒྱལ་དབང་ཆོས་གྲགས་རྒྱལ་མཚོའི་ཞལ་སློབ་རྟོག་ལྡན་དབང་ཕྱུག་དགེ་སློང་སྣང་སེམས་པ་དགོན་འདིར་ཆེད་མངག་གནང་ལ་ཁོང་ནི་འཇའ་སྤྲུལ་སྐུ་ཕྲེང་དང་པོ་ཡིན། དེ་ནས་བཟུང་འཇའ་སྤྲུལ་སྐུ་ཕྲེང་བཅུ་གཉིས་དང་། གསེར་སྤྲུལ་སྐུ་ཕྲེང་བརྒྱད། སྟོང་ནག་སྐུ་ཕྲེང་དགུ་བཅས་མཆོག་སྤྲུལ་འཇའ་སྟོང་གསེར་གསུམ་གྱིས་ཀརྨ་ལྷ་སྟེང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཞིང་། ད་ལྟ་དགྱེས་ཞལ་ལྷན་འཛོམས་ངང་བསྟན་འགྲོའི་འགྲོ་དོན་མཛད་བཞིན་བཞུགས་སོ། །

ཕྱི་ཡི་གནས།

༢༽ ལྷ་སྟེང་ནི་གུའི་སྒྲུབ་སྡེ།
ཀརྨ་ལྷ་སྟེང་ནི་གུའི་སྒྲུབ་སྡེ་འཆི་མེད་གྲུབ་པའི་དགའ་ཚལ་ནི། སྤྱི་ལོ༡༩༢༡ལོར། རྣལ་འབྱོར་པ་རི་ཁྲོད་ཀུན་བཟང་རིན་པོ་ཆེས་ཕྱག་བཏབ་ཅིང་རྡོ་རྗེ་འཆང་དངོས་ནས་ཡེ་ཤེས་ཀྱི་ཌ་ཀི །ནི་གུ་མ། སུ་ཁ་སིདྡྷི་སོགས་ཁྱད་དུ་འཕགས་པའི་བླ་མ་བཅུ་གསུམ་ལས་གྲུབ་པའི་དབང་ཕྱུག་ཁྱུང་པོ་རྣལ་འབྱོར་ལས་བརྒྱུད་པའི་ཤང་པའི་གསེར་ཆོས་ཀྱི་གདམས་པ་མཐའ་དག་མ་ནོར་བའི་ཉམས་སུ་བཞེས་པའི་སྒྲུབ་བརྩོན་གྱི་དགེ་འདུན་པ་མང་པོ་བཞུགས། ལྷ་འདྲེའི་འཚུབ་འགྱུར་གྱི་རྐྱེན་གྱིས་དགེ་འདུན་པ་རྣམས་སྙུང་ཚབ་སོགས་རྐྱེན་ཅུང་ཟད་བྱུང་བས། སྤྱི་ལོ་༡༩༢༥ལོར་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གནས་འདིར་ཕེབས་ནས་ས་འདུལ་མཛད། ཟླ་བ་གསུམ་ལྷག་སྒྲུབ་པ་མཛད་མཐར་དྲག་པོའི་མེ་མཆོད་བླུག་སྐབས། དཔལ་ལྡན་སྔགས་སྲུང་མས་ཞལ་གཟིགས་ཤིང་རྒྱབ་ཀྱི་བྲག་ངོས་ལ་ཐིམ། བྲག་དེ་ཉིད་ལ་རྒྱབ་རི་བྱས་ནས་སྒྲུབ་ཁང་བཞེང་དགོས་པའི་བཀས་གནང་བ་ལྟར་བྱས། གནས་དེར་ཆུ་མེད་པས་སྒྲུབ་ཁང་གི་འོག་ཏུ་ཆུ་གཏེར་ལས་བཏོན་པས་དེར་ཆུ་ཟད་མེད་དུ་འབབ་ཀྱིན་ཡོད་ལ་ས་དེར་སྒྲུབ་ཆུ་ས་ཞེས་ད་ལྟ་ཡང་ཡོངས་སུ་གྲགས། དེ་ནས་རྗེ་ཉིད་ཀྱི་དངོས་སློབ་བླ་མ་ཀར་ལུ་རིན་པོ་ཆེ་དང་ལྷན་དུ་དཔལ་སྤུངས་ཡང་དབེན་ཙཱ་འདྲ་རིན་ཆེན་བྲག་ཏུ་བཞུགས་པའི་རྣལ་འབྱོར་པ་ཚ་ཆུང་བླ་མ་བསོད་དར་ཉིད་སྒྲུབ་དཔོན་དུ་བསྐོས། རྗེ་ཉིད་ཀྱིས་ཤང་ལུགས་སོགས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གནང་མཛད། དེ་ནས་བཟུང་བར་ཆད་བདུད་ཀྱིས་གནོད་པར་མ་ནུས་པར་གྱུར། རྗེ་ཉིད་ཀྱིས་གསུང་དགོས་ལྟར་ད་སྒྲུབ་ཐེངས་ཉི་ཤུ་ལྷག་སོང་ནས་ད་ལྟ་ཡང་སྒྲུབ་པ་ཉམས་ལེན་ལ་བརྩོན་བཞིན་མཆིས་སོ། །

༣༽ འགྲོ་མགོན་ཕུག
དཔལ་ལྡན་དུས་གསུམ་མཁྱེན་པ་ཉིད་ཀྱི་དངོས་སློབ་བཀའ་བབས་ཀྱི་བུ་ཆེན་ལྔ་ལས་རྒྱུད་འཛིན་གྱི་སློབ་མ་མཆོག་ཏུ་གྱུར་པ་ནི་འགྲོ་མགོན་རས་ཆེན་ཉིད་ཡིན་ལ། ཆོས་རྗེ་དུས་གསུམ་མཁྱེན་པས་རྡོ་རྗེའི་ཚིག་གིས་ལུང་དུ་བསྟན་པ་ལྟར། དབེན་ཞིང་ཉམས་དགའ་བ། བརྗིད་ཅིང་བྱིན་ཆགས་པ། དབེན་པའི་གནས་ཀྱི་ཡོན་ཏན་མ་ཚང་བ་མེད་པ། ཏིང་ངེ་འཛིན་ངང་གིས་འཕེལ་སའི་གནས། ཀརྨ་ལྷ་སྟེང་དགོན་གྱི་མདུན་རིའི་འདབས་སུ་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་གསང་གནས་ལྟ་བུའི་བྲག་དམར་གྱི་ཕུག་པ་ཞིག་ཡོད་པ་དེར་བསྒྲུབ་པ་ཉམས་ལེན་མཛད་ནས་ལོ་དྲུག་དང་ཟླ་བ་དགུ་ཙམ་སོང་བའི་ཚེ་དཔལ་ལྷ་སྟེང་གི་གནས་སྒོ་འབྱེད་པར་བརྩམ་པ་ན་གནས་བདག་བཀའ་སྲུང་རྣམས་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན་པས། ད་དུང་དུས་ལ་མ་བབས་པར་དགོངས་ནས་སྒྲུབ་ཕུག་ཏུ་མར་ཕེབས་ནས་ཁྱོན་ལོ་དགུ་ཟླ་དགུ་ཞག་དགུར་བཅད་རྒྱར་བཞུགས། ཕུག་པའི་རྒྱབ་ཀྱི་ར་ཟོ་ཁར་བོན་སྒར་ཆེན་པོ་ཞིག་ཡོད་པ་དེ་བརླག་པར་མ་འདོད་ཀྱང་བོན་པོ་ནུས་པ་ཅན་འགས་མཐུ་འགྲན་པའི་ཀླན་ཀ་འཚོལ་བས། ཉེ་གནས་ཀྱིས་ཐུན་གཏོར་དྲག་འཕེན་བྱས་པས་མ་ཚོགས་མཁའ་འགྲོ་རྣམས་ཀྱིས་གཏོར་སྣ་དྲངས་ཏེ་གཏོར་མ་མེ་ཟོར་དུ་གྱུར་ནས་བོན་སྒར་གཏིབ་འོག་ཏུ་མནན། རྫུ་འཕྲུལ་ཅན་གྱི་བོན་པོ་དགུ་འཕུར་ནས་ཕུག་པའི་གཡས་ཕྱོགས་ཀྱི་བྲག་ཕུག་ཏུ་བཞུགས་སྐབས་མགོན་པོས་བྲག་ལེབ་ཀྱི་སྒོ་གཏན་ནས་གསོན་སྐམ་དུ་བསྒྲལ། དེ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་དར་ནག་གི་འཇོལ་བེར་ཅན་སྤྲིན་ལྟར་གཏིབས་པ་གཅིག་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ་ཤིན་ཏུ་ཁྲོས་པས་ཞལ་མངོན་སུམ་དུ་གཟིགས་པས་སྐུ་ཡི་གཟི་ཉམས་མ་བཟོད་ནས་སྐུ་སྟོད་ཅུང་ཟད་རྗེ་བའི་ཚུལ་མཛད་པས་བྲག་ལ་དབུ་དང་སྐུ་རྒྱབ། ཕྱག་དང་ཌཱ་དྲིལ་བཅས་ཀྱི་རྗེས་གསལ་བོར་དོད་པ་དང་། བདག་ནི་དམ་ཅན་བསྒྲུབ་པ་པོ། །ཁྱོད་ནི་ཆོས་སྐྱོང་དམ་ཚིག་ཅན། །སོགས་ཀྱི་བསྟོད་པ་མཛད། བྲག་ངོས་གཡས་གཡོན་དུ་མགོན་པོའི་ཞབས་རྗེས་ཤིན་ཏུ་གསལ་བ་ད་ལྟ་ཡང་མཇལ་ཐུབ། བླ་མགོན་དབྱེར་མེད་དུ་གྱུར་ཅིང་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་བརྙེས་པ་དང་། ཕུག་པ་འདི་ནི་འགྲོ་མགོན་རས་ཆེན་གྱི་བསྒྲུབ་གནས་གཙོ་བོ་ཡིན་པས་གང་ཟག་གི་མིང་གནས་ལ་ཐོག་སྟེ་ད་ལྟ་ཡང་ཀུན་ལ་འགྲོ་མགོན་ཕུག་ཅེས་ཡོངས་སུ་གྲགས།

རྨ་ཡུལ་ཀཾ་ཚང་མཚམས་ཁང་དགོན།

མགོ་ལོག་རྨ་ཡུལ་ཀཾ་ཚང་བཀའ་བརྒྱུད་གནས་མཆོག་མཚམས་ཁང་དགོན་པ་ནི། མཚོ་སྔོན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་ཁོངས་གཏོགས་མགོ་ལོག་ཁུལ་གྱི་ལྷོ་ཕྱོཊ་སྤྱི་ལེ་བཅུའི་མཚམས་མཚོ་འཕཊ་༣༨༠༠ཡས་མས་ཡོད་ས་དེར་ཆགས་ཡོད། དགོན་པ་འདི་བོད་རབ་བྱུང་བཅུ་བདུན་པའི་ས་འབྲུག་ཕྱི་ལོ་༡༩༩༨ལོར་རིག་འཛིན་འཇའ་ལུས་པ་མཁན་ཆེན་དམ་པ་འཇམ་དབྱངས་འོད་ཟེར་མཆོག་ལ་སྡེ་མི་ཡོངས་ཀྱི་མོས་མཐུན་གྱིས་ས་རྒྱ་མོང་༥༠༠ཕུལ་ནས་ཕྱག་བཏབ་གནང་། དེ་ལ་དགོན་གཞུང་དང་དབྱར་གནས། མགོན་ཁང་གཉིས། བཤད་གྲྭ། ཀློག་གྲྭ། སྒྲུབ་གྲྭ། རི་ཁྲོད། དགེ་བསྙེན་གྱི་སྡེ་སྟེ་ཁང་ཚན་ཆེན་པོ་བརྒྱད་ཀྱིས་གྲུབ་ཡོད་པ་ལ། ཀར་ལུགས་རྒྱུད་སྡེ་བཞི་དང་། ཟབ་ལམ་ནཱ་རོ་ཆོས་དྲུག་སྔོན་འགྲོའི་བློ་སྦྱོང་ཆ་ལག་དང་བཅས་པ་ནས། འགྲོ་མགོན་བཀའ་བརྒྱུད་པའི་ཀུན་མཁྱེན་རྣམ་གསུམ་གྱི་གཙོས་མདོ་སྔགས་གཞུང་ཆེན་བརྒྱད་ལ་ཐོས་བསམ་སྒོམ་གསུམ་རྒྱུན་མི་ཆད་པར་བརྒྱུད་པའི་ཕྱག་བཞེས་ཁུངས་དང་ལྡན་པ་གནང་བཞིན་ཡོད།

དངུལ་ཆུ་ནས།

ཁྲོ་ཆུ་ཤུ་བྷཾ་དགོན།

ཁྲོ་ཆུ་ཤུ་བྷཾ་འབྲུག་དགུ་གླིང་ནི་ཆོས་བརྒྱུད་ཀརྨ་ཀཾ་ཚང་། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་ཕྱག་བཏབ་མཛད། ཕྱག་འདེབས་དུས་ཀྱི་ལོ་ཚིགས་གསལ་ཁ་ཆེར་མ་མཐོང་ཡང་ཆུ་ཕག་༡༧༤༣ལོར་ཀརྨ་སི་ཏུ་རྒྱལ་རོང་དུ་ཕེབས་སྐབས་ཀར་དགོན་འདེབས་པའི་ཞལ་བཞེས་མཛད་ཅེས་གསུངས། སྤྱིར་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་ཀར་དགོན་བརྒྱ་དང་རྩ་བརྒྱད། སྒྲུབ་གནས་སྟོང་དང་རྩ་གཉིས་བཏབ་པའི་ཆེས་མཐའ་མ་ཡིན་ལ་ཐོག་མཐའ་བར་གསུམ་དུ་བཀྲ་ཤིས་ཤིང་དགེ་བར་གྱུར་པས་ཤུ་བྷཾ་དགོན་ཞེས་པའི་མཚོན་གསོལ། ས་གནས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྲོ་ཆུ་རྫོང་མུའུ་སོལ་ཡུལ་ཚོའི་ཁོངས་སུ་ཆགས་ཡོད་ཅིང་གནའ་ནས་ད་བར་དུ་དགོན་པའི་ལྷག་བསམ་ཅན་གྱི་བླ་གྲྭ་ཡོངས་ནས་བཤད་སྒྲུབ་ལས་གསུམ་གྱི་ཕྱག་ལས་གནང་དང་གནང་བཞིན་པ་ལགས་སོ།།

དྷཱིཿཔདྨ་བཛྲ་ནས།