བརྡ་རི་དགོན།

ཕ་ཁུངས་ཡུལ་དགོན་བཅོ་བརྒྱད་ཀྱི་ཡ་རྒྱལ་བརྡ་རི་དགོན་པ་ནི། འོག་མིན་ཀརྨ་དགོན་གྱི་གདན་རབས་བཞི་པ་༧ཀརྨ་པ་དུས་གསུམ་མཁྱེན་པའི་དངོས་སློབ་ཁམས་པ་དབང་གི་རྡོ་རྗེས་ཕུན་སུམ་ཚོགས་པའི་གནས་ཀྱི་ཡོན་ཏན་དང་དགོས་པ་ཁྱད་པར་ཅན་མང་པོར་གཟིགས་ཏེ་དངོས་སུ་ཕྱག་བཏབ་ཅིང༌། སྐུ་ཚེ་མང་ཆེ་བར་གནས་དེར་སྒྲུབ་པ་མཛད་ནས་བཞུགས་པས་གྲུབ་པའི་ས་མཐོར་གཤེགས། དུས་སྐབས་དེར་ཕ་ཁུངས་བརྡ་རི་དགོན་པ་དར་རྒྱས་ཆེན་པོ་ཕྱིན་ཡོད་ནའང་ཕྱིས་སུ་དུས་འགྱུར་གྱི་དབང་གིས་ཉམས་ཉེས་སུ་ཕྱིན་པས་ད་ལྟ་དགོན་ཤུལ་སོགས་གསལ་པོར་བཞུགས། ཁམས་པ་དབང་གི་རྡོ་རྗེ་ཁོང་སྐུ་མྱ་ངན་ལས་འདའ་ཁ་ཙམ་དུ་ཕར་ཀརྨ་དགོན་དུ་ཕེབས་ཏེ་དགོངས་པ་གཞན་དོན་དུ་རྫོགས་པས་སྐུ་ཡི་གདུང་འབུམ་ཀརྨ་དགོན་དུ་དངོས་སུ་གདུལ་བྱའི་བསོད་ནམས་ཀྱི་སྐལ་དུ་ད་ལྟ་ཡང་མཇལ་དུ་ཡོད་པ་ལགས།

མི་ཉག་གི་ཡུལ་གྱི་དགོན་ཤུལ།

སྔོན་སོག་དམག་གིས་བཅོམ་པའི་མི་ཉག་གི་ཡུལ་དུ་དགེ་འདུན་པ་སྟོང་ཕྲག་དུ་མ་བཞུགས་མྱོང་བའི་ཀརྨ་བཀའ་བརྒྱུད་པའི་གདན་ས་ཆེན་པོ་སྟོང་འགོ་དགོན་པའི་རྗེས་ཤུལ།

རྔ་རོང་དགོན།

འབའ་རོམ་བཀའ་བརྒྱུད།

ཁམས་ནང་ཆེན་སྐྱོ་བྲག་རྔ་རོང་དགོན་ནི།  ནང་ཆེན་ཤར་མདའ་གྲོང་ནས་ནུབ་བྱང་ཕྱོགས་སྤྱི་ལེ་༤༣མཚམས་ཇོ་བོ་སྤ་དཀར་གྱི་མདུན་ངོས་སུ་ཆགས་ཡོད།  རྒྱལ་བ་འབའ་རོམ་པའི་སྒོམ་སྡེ་རི་ཁག་བཅོ་བརྒྱད་ཀྱི་ནང་གསེས་ཤིག་ཡིན།  སྔོན་འབའ་རོམ་ཡབ་སྲས་ཀྱི་སྐབས་སུ་གནས་རིན་ཆེན་སྤུངས་པའི་རྫ་བྲག་འདྲེས་མའི་བར་དང་གསེང་རྣམས་སུ་གདན་ས་ཆགས་པའི་བྲག་ཕུག་དང་མཁར་ཤུལ་ཆེས་མང་བས་རི་ཡི་བུ་དང་ན་བུན་གྱི་གོས་བྱས་ནས་བཞུགས་པར་གོར་མ་ཆགས། 

དེ་རྗེས་འབའ་རོམ་བ་ཤར་པ་བསོད་ནམས་སེང་གེས་གནས་རིན་ཆེན་སྤུང་པའི་རྫ་འདབས་སུ་ ༡༣༣༥ ལོར་རྔ་རོང་དགོན་ངོས་སུ་ཕྱག་བཏབ་ཅིང་རྒྱ་བསྐྱེད།

རྔ་རོང་ཞེས་དགོན་འདིའི་མིང་ཐོགས་ཚུལ་ལ་རྒྱལ་བ་འབའ་རོམ་ཡབ་སྲས་ཀྱི་སྐབས་སུ་སྒོམ་སྡེ་ཞེས་རྣམ་ཐར་ཆོས་འབྱུང་དག་ལས་གསལ་ལ།  ཕྱིས་ཤར་པའི་དུས་སུ་རུ་ཁག་བཅོ་བརྒྱད་དུ་གྱེས་ཤིང་སྐབས་དེར་མཚན་ཡང་མི་འདྲ་བ་སོ་སོར་ཆགས་པས་གནས་འདིར་རྔ་དུང་རོལ་མོའི་སྒྲ་རྒྱུན་པར་ཀུན་ལ་མཐོང་སྣང་དུ་གྱུར་པས་དེ་སྐད་ཅེས་ཐོགས་པར་གྲགས།  ང་བརྒྱད་ལོའི་རྗེས་སྐྱར་བཞེངས་གནང་བའི་སྐབས་སུ་རྔ་རོང་གསང་ཆེན་སྨིན་གྲོལ་ཆོས་གླིང་ཞེས་སྐྱོ་བྲག་གསལ་བྱེད་སྤྲུལ་སྐུས་ཁ་སབ་ཅུང་བྱས།  གང་ལྟར་དགོན་འདི་ཉིད་སྔོན་གྱི་སྒོམ་སྡེའི་དུས་སུ་དགེ་འདུན་པའི་སྡེ་ཆེས་འདུ་བ་རྒྱས་པར་དེང་གི་གནའ་ཤུལ་ལས་རྟོགས་ཐུབ་ལ། 

ཤར་པའི་སྐབས་སུ་རྒྱུན་བཞུགས་འདུས་སྡེ་ལྔ་བརྒྱ་ནས་སྟོང་ལ་ཟིན་པར་ཡིག་རྙིང་དག་ལས་གསལ།  འདུ་བ་རྒྱས་སྐབས་ལྔ་སྟོང་ལ་ཉེ་བ་ཙམ་འདུ་བར་དམ་པ་གོང་མའི་གསུང་འཕྲོས་སུ་སྣང་། 

གདན་རབས་གཉིས་པ་རིགས་དབོན་བསོད་ནམས་གྲགས་པས་བྱས།  དེའི་ཡང་སྤྲུལ་དཔལ་ཆེན་ལུང་རིགས་རྒྱ་མཚོས་གནང་།  དེ་ནས་རིག་བྱེད་སྤྲུལ་སྐུ་སོགས་ཀྱིས་གདན་རབས་རིམ་པར་བསྐྱངས།  ལྷ་རས་བརྩོན་འགྲུས་དཔལ་བ་དང་། གླང་རས་གྲགས་པ་རྒྱལ་མཚན་སོགས་དམ་པ་དུ་མས་སྒྲུབ་པ་གནང་བ་དང་འཁོར་སློབ་བསྐྱངས།  དགོན་འདིའི་ཉེ་འཁོར་རྣམས་སུ་ནང་ཆེན་ཕར་རི་དགོན་དང་།  རྡོ་མཁར་དགོན།  འབྲོང་པ་བན་ཐུང་དགོན་ཏེ་ལོ་རྒྱུས་ཡིག་ཚང་ལྟར་ཡན་ལག་གི་དགོན་ཤུལ་ཡང་མང་། 

སོགས་དམག་གི་འཇིགས་པ་ཆེན་པོས་སྤྱི་མཐུན་ལྟར་གོད་ཆགས་བྱུང་ནས་བར་སྐབས་ཤིག་ལ་སྟོང་པར་ལུས་པ་དང་། མཚམས་རེར་རི་ཁྲོད་པ་དང་སྒྲུབ་པ་བ་རེ་ཟུང་ལས་མེད་པར་གྱུར་བས་ང་བརྒྱད་ལོའི་སྔོན་དུ་སྐྱར་གསོ་བྱེད་པའི་གོ་སྐབས་བྱུང་མེད། 

དེ་རྗེས་སྐྱོ་བྲག་གསལ་བྱེད་སྤྲུལ་སྐུ་དང་དུང་སྤྲུལ་རིན་པོ་ཆེ་ཚང་སར་བློ་གྲོས་རིན་ཆེན་མཁར་པ་བླ་རྒན་ཡེ་ཤེས་རབ་རྒྱས་སོགས་ཀྱིས་དགོངས་བཞེད་དང་བསྐུལ་མ་འབྲུག་པ་སྒྲུབ་བསྟན་སྤྲུལ་སྐུ་ལ་གནང་།  རིན་པོ་ཆེ་ཁོང་ལ་ཡང་དག་སྣང་གི་གཟིགས་པ་སོགས་མང་བས་རྐྱེན་བྱས་ཏེ་མཐུན་རྐྱེན་ཆ་ཚང་བཏང་ཞིང་ཀ་ཐོར་གྲོང་མི་རྣམས་ཀྱིས་དཀའ་བ་དང་དུ་བླང་སྟེ་ལྕགས་ལུག་སྟེ་ཕྱི་ལོ་ ༡༩༩༡ སྒྲུབ་ཁང་བཞེངས་ཏེ་སྒྲུབ་སྡེ་བཙུགས། 

དུས་རབས་ཉེར་གཅིག་པའི་དུས་སུ་སྐྱབས་རྗེ་བླ་མ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེས་རྔ་རོང་དགོན་འདི་ཉིད་སྒྲུབ་གནས་བྱིན་ཅན་དང་། ལྷག་ཏུ་ཤར་པ་བསོད་ནམས་སེང་གེའི་གདན་ས། སྒོམ་སྡེ་རུ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཁྱད་དུ་འཕགས་པ་ཞིག་ཡིན་པས་མཆོག་སྤྲུལ་བསྟན་འཛིན་རྡོ་རྗེ་ཁྱེད་ལ་ལས་དང་སྨོན་ལམ་གྱིས་འབྲེལ་ནས་ཡོད་པས་དགོན་འདི་ཉིད་སྐྱར་གསོ་དང་འཛིན་སྐྱོང་དགོས་པའི་བཀའ་དང་བསྐུལ་མ་གནང་བ་བཞིན།  སྤྲུལ་རིན་པོ་ཆེས་ཀྱང་བཀའ་གསུང་དང་དུ་བླངས་ཏེ་ཕྱི་ལོ་༢༠༠༨་ལོར་རླངས་འཁོར་གྱི་ལམ་གསར་དུ་བཟོས་ཤིང་རིམ་བཞིན་གཙུག་ལག་ཁང་རང་བྱུང་ཟླ་འོད་གཞོན་ནུའི་གནྡྷོ་ལ་བཞེངས། 

འདུས་སྤྱིའི་རོང་ཁང་དང་།  སློབ་ཁང་།  དགེ་འདུན་པའི་ཤག་སོགས་རིམ་བཞིན་གསར་བཞེངས་གནང་།  དགེ་འདུན་པའི་སྡེ་ཡང་རིམ་གྱིས་འཕེལ།  སྔར་གྱི་སྒྲུབ་ཁང་ཡང་སྐྱར་བཞེངས་བྱས་ཏེ་སྒྲུབ་པའི་སྡེ་བཙུགས་ཤིང་སྒྲུབ་དཔོན་དང་སྒྲུབ་བླ་མ་བར་མ་ཆད་ཅིང་སྤོང་བ་བསམ་གཏན་པའི་སྡེ་དང་།

  གཞན་པའི་དགེ་འདུན་འདུས་པ་ཡོངས་ཀྱིས་ཀློག་པ་ཐོས་བསམ་སྟེ་འཆད་རྩོད་རྩོམ་ལ་ཐུགས་མདུན་རྩེ་གཅིག་ཏུ་དྲིལ་ཤིང་དེང་གི་དུས་སུ་བརྩོན་དང་བརྩོན་བཞིན་པའོ། །

༈ ཆོས་རྗེ་འབའ་རོམ་ཡབ་སྲས་སྐབས་ཀྱི་བྲག་སྐྱིབས་སུ་ཆགས་པའི་དགོན་ཤུལ།
༈ རྒྱལ་བ་འབའ་རོམ་ཡབ་སྲས་སྐབས་ཀྱི་དགོན་པའི་ཆགས་ཤུལ།
༈ སྒྲུབ་བསྟན་སྤྲུལ་སྐུས་ལྕགས་ལུག་སྟེ་ ༡༩༩༡ ལོར་བཞེང་པའི་སྒྲུབ་ཁང་།
༈ རླངས་འཁོར་ལམ་གསར་དུ་༢༠༠༨ ལོར་འགོ་རྩོམ་པ།
༈ རླངས་འཁོར་ལམ་གསར་དུ་༢༠༠༨ ལོར་བཟོ་བཞིན་པ།
༈ སྤྲུལ་བསྟན་འཛིན་རྡོ་རྗེས་༢༠༠༩ ལོར་སྐྱར་བཞེངས་བྱས་པའི་སྒྲུབ་ཁང་།
༈ ༢༠༢༠ ལོའི་རྔ་རོང་དགོན་གྱི་ཁོར་ཡུག་དང་དགེ་འདུན་པའི་སློབ་གཉེར་བྱེད་བཞིན་པ།

ཕུག་ཆུང་རྫོང་།

ས་གནས་བོད་ལྗོངས་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་གིས་ཉེ་འགྲམ་སུ་ཡོད་པ་འབྲུག་པ་བཀའ་བརྒྱུད་ཀྱི་གདན་ས་༧མདོ་ཁམས་པ་གྲུབ་དབང་ཀརྨ་བསྟན་འཕེལ་གྱིས་ཕྱག་བཏབ་པའི་མི་ཤིག་རྡོ་རྗེའི་ཡངས་རྫོང་ངམ་ཕུག་ཆུང་རྫོང་ནི་ལོ་ངོ་500ལྷག་གིས་ལོ་རྒྱུས་ལྡན་པའི་དགོན་པ་ཡིན་རུང་ད་ལྟ་ཡང་གཟིམས་ཁང་དང་འདུ་ཁང་ནང་གི་ལོག་རིས་འདིར་ལྟར་གནས་ཡོད་པ་རེད། འདི་ནི་ཆེས་ངོ་མཚར་ཅན་གྱི་མཁར་ཞིག་ཡིན་མིན་ཚོད་དཔག་རེ་བྱོས་དང་། སྐབས་དེ་ཡི་དུས་ན་འཁྲུལ་རིགས་ནི་རྩ་བ་ནས་མེད་པ་རེད། དེ་བས་བྲག་མཐོ་པོ་འདི་ཡི་དཀྱིལ་ཞ་གྱང་རྡུང་གྱང་གི་དཔངས་རེ་རེ་ལ་སྨིན་གང་ཙམ་གྱི་རིམ་པ་འདུག མ་ཚད་གྱང་གི་དཔངས་རི་གོང་མ་དང་བྲག་གི་ཁེབ་གཉིས་ཀྱི་བར་ལ་རྡོ་འཕྲེང་རེ་གཉིས་ལས་མི་འདུག དེ་འདྲ་བར་ཐག་ཐུང་ངུ་ལ་མིས་རྡུང་མི་ལོ་ལེ་ཀུན་གྱིས་ཤེས་གསལ་ལྟར་རེད།

སྒྲུབ་བརྒྱུད་དགོན།

༄༅། ཨོཾ་སྭ་སྟི། དཔལ་འབྲོང་སྟོད་སྒྲུབ་བརྒྱུད་དགོན་བཤད་སྒྲུབ་མདོ་སྔགས་དར་རྒྱས་གླིང་ནི་མདོ་སྟོད་མི་ཡི་ཆོལ་ཁ་བྱེ་བྲག་དཔོན་མགོ་ཉེར་ལྔའི་ནང་ཚན་འབྲོང་པ་སྟོད་མའི་ཁོང་གཏོག་ད་ལྟ་མཚོ་སྔོན་ཤིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ཁྲ་འདམ་ཤོག་ཀའི་ཁུང་སུ་གཏོག་པའི་སྒྲུབ་བརྒྱུད་དགོན་གསར་དགོན་བཤད་སྒྲུབས་དར་རྒྱས་ཆོས་འགོར་གླིང་ཞེས་གསོལ། བོད་རབ་བྱུང་བཅོ་ལྔ་པ༼༡༩༢༥༽ལོ་སྒྲུབ་བརྒྱུད་སྤྲུལ་སྐུ་ཁོང་གིས་ཡུལ་སྐྱོང་ཨ་སྨྱེ་འབྲི་རྒྱལ་ཕུར་གསུང་བཅོ་བོ་བྱང་ཕྱོགས་ཏྲ་ཀི་ནག་པོ་ཞེས་པ་ཆུ་བོ་འདམ་ཆུ་མོ་ལྷང་ལྷང་དར་གྱིས་འབབ་པའི་ཉམས་དགའི་གནས་ཨ་འདམ་གོང་མོ་རི་ཡི་གཡས་སུ་ཆུ་བོ་འདམ་ཆུ་སྔོན་མོས་འགྲམ་རྒྱལ་དབང་ཀརྨ་པ་མཆོག་གིས་ཕྱག་རྗེས་གཞག་གནང་བའི་མཚོ་འབུར་མ་ཞེས་པའི་ས་དེར་དགོན་པའི་སྦྲ་དགོན་ཐོག་མ་དེ་ན་བཏབས། རིག་གནས་གསར་བརྗེས་དུས་སུ་མཐོལ་ཞིག་སུང་བ་རེད།