སྟག་རྩེ་རྣམ་རྒྱལ་སྒང་།

ཞྭ་དམར་ཅོད་པན་འཛིན་པ་གཉིས་པ་དཔལ་མཁར་སྤྱོད་དབང་པོ་གདན་ས་སྟག་རྩེ་རྣམ་རྒྱལ་སྒང། འདི་ནི་ཀོང་པོར་རྫོང་ལ་ཡོད།

ཀོང་པོ་རྩེ་ལྷ་སྒང་།

ཀོང་པོ་རྩེ་ལྷ་སྒང་ནི། ད་ལྟ་ཉིང་ཁྲི་རྫོང་བུ་ཆུ་ཡུལ་ཚོའི་ཁོངས་སུ་ཡོད་ཅིང་། རྒྱལ་དབང་ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེས་ཕྱག་བཏབ། ཁོང་དགོན་དེར་ལོ་བརྒྱད་ཙམ་བཞུགས་ཏེ་དབྱར་དགུན་མེད་པར་ཐབས་གྲོལ་ཟབ་མོའི་མན་ངག་རྒྱ་ཆེར་གནང་བས་གདུལ་བྱ་དཔག་ཏུ་མེད་པ་འདུས། དེར་སྒྲུབ་གྲྭ་ཆེ་ཁག་གཉིས་དང་ལྷ་ཁང་ཆེ་བ་གཉིས་ཡོད་ཅིང་། དེ་དག་ཏུ་བཤད་པའི་སྐོར་ལ་གཙོ་བོར་ཀུན་མཁྱེན་རང་བྱུང་རྡོ་རྗེས་རྩལ་འདོན་གནང་བའི་ནང་བརྟག་རྒྱུད་གསུམ་དང་། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་འོད་ཟེར་སྐོར་གསུམ་སོགས་དང་། སྒྲུབ་པའི་སྐོར་ལ་གཙོ་བོར་ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གནང་བ་ཡིན།
དམིགས་བསལ་གནས་འདིར་ཁོང་གི་སྐུ་དུས་ནས་དར་བའི་ཀརྨའི་སྒར་ཆེན་རྒྱུན་བཞུགས་གནང་སའི་གཙོ་བོ་དང་། ཕྱག་མཛོད་གུའི་གུང་པའི་མཛད་ཕྲིན་བསྐྱང་ས་བཅས་ཡིན། དགོན་འདིར་རྒྱུན་ཞུགས་གནང་བའི་དགེ་འདུན་པ་སྟོང་ཚོ་གསུམ་ཙམ་ཡོད་པ་དང་། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་སྐབས་ཀར་ལུགས་ཀྱི་སྨོན་ལམ་བཙུགས་ཤིང་། དགོན་འདིར་ཐེངས་བཞི་ཙམ་འཚོགས་པ་དང་། ཚོགས་ཐེངས་རེར་དགེ་འདུན་པ་ཁྲི་གཉིས་གསུམ་ཙམ་རེ་འདུས་ཀྱིན་ཡོད། མདོར་ན་རྒྱལ་དབང་བཞི་པ་རོལ་པའི་རྡོ་རྗེ་ནས་བཅུ་པ་ཆོས་དབྱིངས་རྡོ་རྗེའི་བར་གྱི་རྒྱལ་དབང་རིམ་བྱོན་རྣམས་ཀྱི་མཛད་ཕྲིན་བསྐྱང་སའི་གདན་ས་ཁྱད་དུ་འཕགས་པ་ཞིག་གོ །
མཐར་དགའ་ལྡན་ཕོ་བྲང་སྐབས་ཉམས་རྒུད་དུ་སོང་སྟེ་ད་ལྟའི་གྱང་ཞིག་གི་རྣམ་པ་འདི་ལས་མེད་པར་གྱུར་ཡོད། མཆོད་རྟེན་འདི་གསུམ་རྒྱལ་དབང་ཆོས་གྲགས་རྒྱ་མཚོས་བཞེངས་པར་བཤད།

ལྗོགས་དུང་དགོན།

ཀརྨ་ཀཾ་ཚང་ལྗོགས་དུང་དགོན་གསར་ནི། ཐོག་མར་དགོན་གསར་དགོན་བྱུང་བའི་དུས་ཚོད་ ༡༧༤༩ ལོར་ལྗོགས་དུང་ཁྲི་བ་བློ་བཟང་བསྟན་པ་རབ་རྒྱས་ཁོང་གིས་དགོན་ས་བཏབ། དེའི་དུས་སུ་བླ་མ་ནི་འདན་མ་ཤ་ཁྲིད་སྤྲུལ་སྐུ་ཐུབ་བསྟན་ནམ་མཁའ་རབ་འབྱམས་་་བེ་རུ་སྤྲུལ་སྐུ་དགའ་ཐོ་བཅས་བླ་མ་བཞི་ཙམ་ཡོད། བར་སྐབས་བསྟན་པ་ལ་ཉམས་རྒུད་ཚབ་ཆེན་བྱུང༌། དེ་ནས་མཁན་ཆེན་ཟླ་བཟང་ངེས་དོན་ཆོས་ཀྱི་ཉི་མ་མཆོག་གི་བདག་རྐྱེན་ལས་སླར་ཡང་དར་ཞིང་རྒྱས་པ་བྱུང༌། ཡར་དར་སྐབས་ ༡༩༨༦ ལོར་རག་ཤུལ་ལ་གྲགས་ཁོང་གིས་བསྟན་དགོན་ཉམས་གསོ་བྱས། ཀརྨ་ཀཾ་ཚང་ཕྱག་བཞེས་ལྟར་སྒྲུབ་མཆོད་མང་པོ་ཚུགས་ནས་ད་སྐབས་བླ་མ་ཐུབ་བསྟན་བསྟན་འཛིན་དང་བདེ་ཆེན་ཆོས་འཕེལ་གཉིས་ཀྱིས་བསྟན་པ་ལ་འཛིན་སྐྱོང་བྱས་དང༌། གྲྭ་ཀརྨ་ཤེས་རབ་ཀྱིས་གྲྭ་ཆུང་རྣམས་བསྡུས་ནས་སློབ་ཁྲིད་བྱེད་ཀྱིན་ཡོད། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ཁྲ་འདམ་ཤང་འདམ་གྱི་འདམ་ཆུ་སྔོ་མོ་གཡས་འགྲམ་དུ་འདམ་གྱི་རྒྱལ་ཆེན་ནང་གསེས་འདམ་ནོར་བུ་རྒྱལ་གྱི་ནུབ་ཕྱོགས་ལ་དགོན་པ་ཆགས་ཡོད།

འདམ་སྟོད་དགོན་གསར་དགོན་གྱི་འདུ་ཁང་བདེ་མཆོག་མཐོང་བ་རང་གྲོལ་ཐེག་ཆེན་གླིང་།
དགོན་གསར་བཀྲ་ཤིས་ཆོས་གླིང་དགོན།
འདམ་སྟོད་དགོན་སར་དགོན་གྱི་མགོན་ཁང་།
འདམ་དགོན་སར་དགོན་དུ་བཞུགས་པའི་ཀརྨ་པའི་ཞབས་རྗེས་རང་བྱུང་།
ལྗོགས་དུང་ཁྲི་བའི་གྲོ་ལོད་བསྙེན་སྒྲུབ་ཀྱི་རྫ་ནག་རལ་པའི་ཕུག་པ།
རྫ་རལ་བའི་དུར་ལུང༌། འདམ་དགོན་གསར་དགོན་ནས་ཤར་དུ་ཅུང་ཙམ་འགྲོ་སའི་ས་རུ་ཡོད་ཅིང༌། དགོན་གསར་དགོན་གྱི་གྲྭ་ཀརྨ་ཤེས་རབ་ཀྱིས་སྤྱོད་པ་ཀརྨ་ག་ཡུ་གདན་ནས་སྔོན་དུ་ཟླ་གཅིག་རིང་དུ་དཀྱིལ་འཁོར་སྒྲུབ་པ་དང༌། དེས་སྐབས་སུ་རག་ཤུལ་ལ་གྲགས་དང་སྤྲུལ་བདེ་ཆེན་ཆོས་འཕེལ་རྣམས་ཀྱིས་དབུ་མཛད། རྗེས་ནས་གཏིང་བཤགས་བཙུག་པའི་སྐབས་ཡང་རྒྱུད་སྡེ་བཅུ་གསུམ་གྱི་དཀྱིལ་འཁོར་སྒྲུབ།
མ་ཎི་རྒྱ་མཁར་འབྲེལ་ཚད་དོན་ལྡན་ནི་སྤྱི་ལོ་༡༩༩༣ ཆུ་བྱ་ལོར་མཆུ་ཟླ་བ་ཚེས་༢༥ ཉིན་ལ་མགོ་ཚུགས་ཞིང༌། སྤྱི་ལོ་༢༠༡༥ ལོར་མཆུ་ཟླ་བའི་ཚེས་༨ ཉིན་ལ་སླར་ཡང་ཞིག་གསོ་དང་རྒྱ་བསྐྱེད་བྱས། ཡང་མདོ་སྨད་ཁམས་ཕྱོགས་ཟི་ཁྲོན་ཞིང་ཆེན། དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ནས་མཆོག་སྤྲུལ་གསང་སྔགས་བསྟན་འཛིན་ཞལ་ནས། མ་ཎི་རྒྱ་མཁར་འབྲེལ་ཚད་དོན་དང་ལྡན། མིང་ཐོག་ནས། བསྐོར་ཚད་༢༣༠༠ བཞག་ནས་རྒྱ་མཁར་གྱི་རྒྱ་བསྐྱེད་ཚད་གཞི་ནི་སྤྱན་རས་གཟིགས་གི་རིས་ཐང་ཞིག་གནས་ནས་རྒྱ་བསྐྱེད་ཀྱི་ཚད་ཅི་ཙམ་དགོས་པ་དེ་རུ་ངོ་མཚར་བའི་རྟགས་མཚན་ཞིག་འབྱུང་སྲིད་ཅེས་གསུངས། ཅུང་མི་རིང་བའི་དུས་ནས་འཇའ་དཀར་པོ་ཡིས་གུར་ཕུབ་ནས་འཇའ་སྣེ་མ་ཎི་རྡོ་འབུམ་ཡོད་སའི་རྒྱབ་ནས་གོམ་པ་བཅོ་ལྔ་ཙམ་འགྲོ་སའི་ས་རུ་ཕོག་པས། རྒྱ་མཁར་གྱི་རྒྱ་བསྐྱེད་ཚད་གཞི་དེ་རུ་ཡིན་པར་མངོན་པའོ། །

དྲུང་རམ་དགོན།

༄༅། །ས་གནས་བོད་ལྗོངས་འཇོ་མདའ་རྫོང་སྲིབ་མདའ་གོ་གཞུང་དར་ལུང་ནང་བྲག་ཆེན་པདྨ་ཤེལ་རྫོང་གི་ཉེ་འདབས་སུ་ དུས་རབས་ ༡༥ རབ་བྱུང ༩ པའི་དཀྱིལ་སྨད་ཙམ་དུ། རྒྱལ་བ་ཞྭ་དམར་དཀོན་མཆོག་ཡན་ལག་མདུན་དྲུང་དྲུང་ཆེན་ནམ་མཁའ་རབ་འབྱམས་པ་ བླ་མའི་བཀའ་བཞིན་མདོ་ཁམས་སུ་བསྐྱོད་པའི་ངལ་བ་དང་དུ་བླངས། ཕེབས་ཟིན་རྗེས་སུ་ས་ཡུལ་གྱི་དགེ་མཚན་ཕུན་སུམ་ཚོགས་པའི་གནས་ཁྱད་དུ་འཕགས་པ་འདི་ཉིད་ཏུ་དགོན་གཞིས་འདེབས་པ་ལ་ཕྱི་ནང་གསང་བའི་རྟེན་འབྲེལ་ཀུན་མ་བསྒྲིགས་ལྷུན་གྲུབ་ཏུ་བྱུང་བས་དགོན་པ་ཕྱག་བཏབ། དེ་ནས་རིམ་བཞིན་སྤྲུལ་སྐུ་མཆེད་བཞིའི་སྐུ་ཕྲེང་གོང་འོག་གི་དུས་སུ་རྟེན་གཙུག་ལག་ཁང་དང་གྲྭ་ཁང་སྐུ་གསུང་ཐུགས་བརྟེན་སོགས་བཞེངས་པ་དང་བརྟེན་པ་དགེ་འདུན་འདུས་པའི་གྲྭ་ཚངས་དབྱར་མཚོ་བཞིན་རྒྱས་ཡོད་ཅིང་། དགོན་གཞིས་བཏབ་ནས་ད་ལྟའི་བར་ལོ་ངོ་ལྔ་བརྒྱ་མ་ཟིན་ཙམ་གྱི་རིང་འཕེལ་འགྱུར་ཡང་སྣ་ཚོགས་པ་བྱུང་ཡོད།
གཉིས་པ་ད་ལྟའི་གནས་སྟངས། དགོན་འདི་ལ་ལོ་རེ་དུས་མཆོད་ནི། མ་མགོན་ཞལ་སྦྱོར་གྱིས་སྒྲུབ་པ་ཚད་ལྡན་གྱི་སྒོ་ནས་དགུ་གཏོར་བཟློག་པ་གར་འཆམས་ཕག་བདེ་རྒྱལ་གསུམ་གཞན་ཡང་ཡི་དམ་དཀྱིལ་འཁོར་བཅུ་གཉིས་ཀྱི་སྒྲུབ་པ་ཚད་ལྡན་དང ་དབྱར་གནས་གཞི་གསུམ་གྱི་ཆོ་ག་ཕྱག་ལེན་འཁྲུལ་མེད་ཚེས་བཅུའི་གར་འཆམས་རྒྱས་སྤྲོས་དང་གཏེར་ཆེན་རཏྣ་གླིང་པའིགཏེར་བྱོན་ཡི་དམ་རྡོ་རྗེ་གཞོན་ནུའི་སྒྲུབ་ཆེན་དང་ཐུགས་རྗེ་ཆེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེནསོགས། གཞན་ཡང་ལོ་གསུམ་སྒྲུབ་པ་ཉམས་བཞེས་མཛད་པའི་སྒྲུབ་ཁང་ཁག་བཞི་ལ་སྒྲུབ་བླ་སུམ་ཅུ་ཡན་དང་བཞི་བཅུ་མན་ཆད་བཞུགས་གསོལ་ཡོད། རྒྱུན་ལྡན་དགོན་པའི་ཕྱི་ནང་གསང་བའི་གནས་སོ་སོ་ལ་ཡི་དམ་དཀྱིལ་འཁོར་ཡོངས་ཀྱི་མགོན་ཁག་བཅུ་གསུམ་་་དེར་བཞུགས་པའི་དགེ་འདུན་པ་ལོ་གསུམ་སྒྲུབ་པ་བསྙེན་ཚད་སོང་བའི་སྒྲུབ་གྲྭ་ཚད་ལྡན་བཅུ་གསུམ་བཞུགས་ཡོད། གཞན་ཡང་མཁན་པོ་བཅུ་ཕྲག་དང་དགེ་བསྐོས་ལེའུ་ཚན་ཁག་དང་དབུ་ཆེ་ལས་གཉེར་སོགས་དགེ་འདུན་པ་བཞི་བརྒྱ་ལྷག་བཅས་ཀྱི་རང་ལུགས་ཀརྨ་བཀའ་བརྒྱུད་ཀྱི་ཆོ་ག་ཕྱག་ལེན་གྱི་རྒྱུན་སྐྱོང་བའི་དགོན་སྡེ་ཞིག་དུ་གྲུབ་ཡོད།

རྣམ་རྒྱལ་གླིང་དགོན་པ།

རྣམ་རྒྱལ་གླིང་དགོན་པ་ནི། དཀར་མཛེས་ཁུལ། ཉག་ཆུ་རྫོང་།ཉ་ཡུལ་ཤོད་ཤང་ཁོངས་སུ་གནས་པའི་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཞིག་སྟེ།༡༩༤༦ལོར་འབོ་གངས་དཀར་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེས་ཕྱག་བཏབ་མཛད།
ཐོག་མར་འབོ་གངས་དཀར་རིན་པོ་ཆེ་ནས་ཕ་ཡུལ་འཇང་པ་ནས་ཡིན་པའི་བླ་མ་ཟླ་བ་མཆོག་དགོན་པའི་འགན་འཛིན་བསྐོས་བཞག་གནང་བ་ལྟར་མི་ལོ་ལྔ་ཙམ་རིང་དུ་བཞུགས་ནས་སྒྲུབ་པའི་བསྟན་པ་འཛིན་སྐྱོང་ཚུལ་བཞིན་བྱས། དེའི་རྗེས་སུ་འབོ་གངས་དཀར་དགོན་གྱི་བཤད་གྲྭར་སློབ་གཉེར་མཐར་ཕྱིན་པའི་མཁན་པོ་ངག་དབང་ཆོས་གྲགས་མཆོག་འགན་འཛིན་བསྐོས་བཞག་གནང་བ་བཞིན་དུ་དུས་ཀྱི་འཕོ་འགྱུར་མ་བྱུང་བར་དུ་ལྷ་སྡེ་ཡུལ་མི་ཀུན་ལ་ལྟ་སྒོམ་སྤྱོད་གསུམ་དང་འབྲེལ་ཏེ་དམ་པའི་ཆོས་འཆད་སྤེལ་ཚུལ་བཞིན་མཛད་དེ་བཤད་པའི་བསྟན་པ་དར་སྤེལ་བྱས། རིག་གསར་རྗེས་སུ་ཕྱི་ལོ་༡༩༨༤ བླ་མ་བསམ་གཏན་སྙིང་པོ་མཆོག་གིས་འགན་བཞེས་ནས་ཕྱིའི་གཙུག་ལག་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་ལེགས་པར་གྲུབ་ཅིང་གྲྭ་རྒྱུན་ཡང་བཅུ་ཕྲག་འགའ་ཞིག་འདུས་ནས་ད་ལྟའི་ཆར་བཤད་པ་དང་སྒྲུབ་པའི་སྡེ་རྒྱས་བཞིན་པའོ།།