སྡིག་དག་དགོན།

སྡིག་དག་དགོན་ཀརྨ་ཆོས་སྡེ་དར་རྒྱས་གླིང་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱ་སྤོ་འབོར་སྒང་གི་སའི་ཕྱོགས་གཏོགས། དེང་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་ལྷོ་ཕྱོགས་སུ་སྤྱི་ལེ་༡༡༠མཚམས་སུ། གནས་ཆེན་ཕོ་བྲང་ལྔ་བརྩེགས་ཀྱི་ཐུགས་རྗེ་ཆེན་པོའི་གནས་རི་ལ། ཧ་ལམ་རབ་བྱུང་གསུམ་པའི་ཕྱི་ལོ་༡༢༠༨ཡས་མས་སུ་དྭགས་ཕོ་དགོན་སོགས་དང་དུས་མཚུངས་སུ་བྱུང་ཞིང་། དང་ཐོག་བཀའ་དགོན་འདིའི་མཚན་ལ་བཀའ་གདོང་དགོན་ནམ་མཁའ་ལྡིང་གི་གདན་ས་ཞེས་པར་འདྲ་ཡང་ངག་རྒྱུན་ལས་ཡིག་ཐོག་གི་ལོ་རྒྱུས་ད་བར་རྙེད་སོན་བྱུང་མེད། འོན་ཀྱང་སྐབས་དེར་བསྟན་པ་དར་རྒྱས་སུ་བྱུང་བར་མངོན་ཏེ། དགོན་ཤུལ་དང་རི་ཁྲོད་སྒྲུབ་ཕུག  གྲུབ་ཆུ་སོགས་གང་མང་ཞིག་མིག་སྔར་མཇལ་དུ་ཡོད་ཅིང་། ངག་རྒྱུན་དུ་ཡང་དགེ་འདུན་པ་རྣམས་ཞབས་བརྟན་ལ་བྱོན་དུས་བྱ་ལྟར་འཕུར་ནས་ཕེབས་བཞུད་བྱས་པའི་ལོ་རྒྱུས་སོགས་ཡོངས་གྲགས་སུ་ཡོད། དེའི་རྗེས་སོག་དམག་གིས་གནོད་འཚེའི་འོག་ཏུ་ཉམས་རྒུད་དུ་སོང་ཡང་། 
ལྕགས་ཡོས་ཏེ་ཕྱི་ལོ ༡༩༥༡ལོར་མ་ཧཱ་པཎྜི་ཏ་གངས་དཀར་བཤད་སྒྲུབ་ཆོས་ཀྱི་སེང་གེའི་བཀའ་དགོངས་བཞིན། གང་གི་དངོས་སློབ་སྤྲུལ་ཀརྨ་བརྩོན་འགྲུས་མཐར་ཕྱིན་གྱིས་སྡིག་དག་ཅེས་པའི་ས་གནས་དེར་སླར་ཡང་དགོན་པ་བཏབ་ནས་ཀརྨ་ཆོས་སྡེ་དར་རྒྱས་གླིང་ཞེས་མཚན་དུ་གསོལ། ཁོང་ནི་མཁས་གྲུབ་གཉིས་ལྡན་དུ་བཞུགས་པས་ཕྱོགས་བཞི་མཚམས་བརྒྱད་ནས་བྱ་སྐོམ་པ་ཆུ་ལ་རུབ་པ་བཞིན་འདུས་ནས། དགེ་འདུན་གྱི་སྡེ་རྒྱ་ཆེར་འཕེལ་ཞིང་བསྟན་པ་དར་ཞིང་རྒྱས་པ་བྱུང་། ཕྱི་ལོ་༡༩༥༩ལོར་གངས་ལྗོངས་ཁ་བ་རི་པའི་ཆོས་སྡེ་ཡོངས་ལ་གཏོར་བཤིག་ཚད་མེད་བྱུང་བ་ལྟར་ཆོས་སྡེ་འདི་ཡང་དེ་མཚུངས་སུ་གྱུར། 
དེའི་རྗེས་སྲིད་ཇུས་གུ་ཡངས་བྱུང་བ་དང་བསྟུན་ཕྱི་ལོ་༡༩༨༦ ལོར་གངས་དཀར་བཤད་སྒྲུབ་ཆོས་ཀྱི་སེང་གེའི་སློབ་མ་ཨ་ཁུ་ཤེས་རབ་ཕུན་ཚོགས་དང་། འབྲོག་སྤྲུལ་གོང་མའི་གསོལ་དཔོན་ཨ་ཁུ་རྡོ་རྗེ་གཉིས་ཀྱིས་གཙོས་པའི་སྐྱ་སེར་ཡོངས་ཀྱིས་ཉམས་གསོ་ཞུས་ནས་གཙུག་ལག་ཁང་སོགས་རིམ་གྱིས་ལེགས་འགྲུབ་བྱུང་ཞིང་གྲྭ་པ་ཡང་མང་དུ་འཕེལ། ཕྱི་ལོ་༢༠༠༡ལོར་ཡུལ་འདིར་ས་ཡོམ་ཆེན་པོ་བྱུང་རྐྱེན་གཙུག་ལག་ཁང་སོགས་ལ་གས་སྲུབས་ཀྱིས་གནོད་འཚེ་ཕོག་ཅིང་འགྲུལ་བཞུད་ཀྱི་ལམ་ཐག་རིང་བར་བརྟེན། བླ་མ་ཨ་འགྲུབ་དང་། བླ་མ་རྟ་མགྲིན་བཀྲ་ཤིས་གཉིས་ཀྱིས་ལས་སྣེར་འཛིན་ཐོག་དགོན་པ་སྤོ་རྒྱུའི་གྲོས་མཐུན་བྱུང་། དེ་ནས་ཕྱི་ལོ་༢༠༠༢ལོར་མི་ཉག་འབྲུག་གྲགས་རིན་པོ་ཆེས། བེ་གཤོང་ཞེས་པའི་ས་གནས་དེར་ས་གཟིགས་གནང་བས།རྟེན་འབྲེལ་འགྲིག་སྟེ་བསྟན་པ་དར་ཞིང་རྒྱས་ལ་དགེ་འདུན་པ་རྣམས་སྐུ་ཚེ་བརྟན་པར་འདུག་གསུངས། ཕྱི་ལོ་༢༠༠༤ལོར་རྒྱལ་ཁབ་ཀྱི་ཆོག་མཆན་དངོས་སུ་ཐོབ་ནས་རང་དགོན་གྱི་སྤྲུལ་འོད་ཟེར་རྡོ་རྗེ་དང་། སྤྲུལ་བསྟན་འཛིན་དྲི་མེད་གཉིས་ཀྱིས་བོད་ཟླ་༡༠ཚེས་ཉེར་ལྔའི་ཉིན་ཡི་དམ་རྡོ་རྗེ་ཕག་མོའི་དུས་ཚེས་ཁྱད་པར་ཅན་དང་བསྟུན་ནས་ས་སློང་མཛད་དེ་གསར་བཞེངས་ཀྱི་ལས་འགོ་དངོས་སུ་བཙུགས། དེ་ནས་རིམ་བཞིན་གཙུག་ལག་ཁང་སོགས་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། ད་ཆར་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་གྱི་ངང་ནས་གདན་ས་དཔལ་མཚུར་གཉིས་ལས་དཔལ་ལུགས་ཀྱི་ཕྱག་བཞེས་ལྟར་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་དབྱར་མཚོ་ལྟར་འཕེལ་བཞིན་ལགས་སོ།། །།

གནས་ཆེན་ཕོ་བྲང་ལྔ་བརྩེགས་རེད།
སྡིག་དག་དགོན་ཀརྨ་ཆོས་སྡེ་དར་རྒྱས་གླིང་།
ནམ་མཁའ་ལྡིང་གི་སྒྲུབ་ཁང་།
བྱམས་མགོན་ཏའི་སི་ཏུ་རིན་པོ་ཆེའི་བཀའ་ལུང་བཞིན་བཞེངས་པའི་བཀྲ་ཤིས་མཆོད་རྟེན་རྣམ་གཉིས།