ཡག་དགོན། ས་གནས། ཆབ་མདོ་དཔའ་ཤོད་རྫོང་ཡེ་ཆེན་ཤང་ཡག་གྲོང་གི་ཚ་བ་སྒང་གུར་དཀྱིལ་ཐང་སྟོད་དུ་གནས་རི་གླང་ཆེན་འགྱིངས་འདྲའི་རི་གཤམ་དུ་གནས་ཡོད། གནས་འདིའི་རི་ལ་ཆོས་གོས་ལེའུ། ཐང་ལ་ཞབས་རྗེས་ཐང་། སྤང་ལ་དུང་དཀར་གཡས་འཁྱིལ། མདུན་རི་ལ་ཨ་ཡིག་རང་བྱོན་སོགས་ཡུལ་གྱི་བཀོད་པ་བཟང་བས་ཡག་ཅེས་ཟེར། ཡག་དགོན་མདོ་སྔགས་བཤད་སྒྲུབ་བཀྲ་ཤིས་རྒྱལ་མཚན་གླིང་ནི། སྒོམ་སྡེ་རི་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་རག་ཤི་མི་བོ་ཆེའི་བརྒྱུད་པ་ཀིལ་སྣ་རྟོགས་ལྡན་གཞོན་ནུ་འབྱུང་གནས་ཀྱིས་ཚ་བ་སྒྲོ་བྲག་དང་ཀིལ་སྣ་དགོན་བཅས་འདིར་རབ་བྱུང་དྲུག་པར་ཕྱག་བཏབ། དེ་སྐབས་འབའ་རོམ་བཀའ་བརྒྱུད་ཡིན། དགེ་འདུན་གྱི་སྡེ་སྟོང་ཕྲག་ལྷག་བྱུང་ཞིང་ཚ་བ་སྒང་སྟོད་སྨད་བར་གསུམ་གྱི་མཆོད་ཡོན་དུ་གྱུར། དེའི་བླ་རྒྱུད་ཡག་སྤྲུལ་སྐུ་ཕྲེང་དང་པོ་སྐེལ་སྣ་གཅོད་པ་ན་རའི་སྐབས་སུ་སྤྲུལ་བརྒྱུད་དང་། གདུང་རྒྱུད། བཙུན་དགོན་བཅས་ཀྱི་དགོན་པ་སོ་སོར་མཛད། ཡག་སྤྲུལ་སྐུ་ཕྲེང་གསུམ་པ་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་མདུན་དུ་ཕེབས་སྐབས་ཀརྨ་པས་ཕྲིན་ལས་ཀྱི་སྤྲུལ་པར་མངའ་གསོལ་མཛད། དེ་རྗེས་ཀམ་ཚང་གི་ཆོས་བརྒྱུད་དུ་གྱུར། དེ་སྐབས་གྲྭ་བཙུན་བརྒྱད་བརྒྱ་ལྷག་བྱུང་། སྐེལ་སྣའི་གདུང་རྒྱུད་དང་བླ་རྒྱུད་ཉི་ཤུ་ལྷག་དང་། ཡག་སྤྲུལ་སྐུ་ཕྲེང་བརྒྱད་བཅས་ཀྱི་བར་རིམ་པར་བྱོན་ནས་གདན་ས་ཡག་དགོན་དང་། བང་ཆེན་དགོན། འགྲོ་འདུལ་གླིང་བཅས་བསྐྱངས། བང་ཆེན་བླ་རབས་རིམ་བྱོན་ལས་སྒྲོལ་མ་ལྷ་ཁང་དུ་གྲུབ་དབང་བླ་མ་ཀརྨ་རྣམ་རོལ་དང་། བླ་མ་ཐབས་མཁས། བླ་མ་ཆོས་ལྡན་སོགས་རིམ་པར་བླ་བསྐོས་མཛད། རིག་གསར་སྐབས་དགོན་པ་ལ་གཏོར་བརླགས་ཚབ་ཆེན་བྱུང་ཡང་། སླར་ཡང་བསྟན་པ་ཡང་དར་གྱི་སྐབས་སུ་བང་ཆེན་བླ་རྒན་གཙོས་སྔར་གྱི་བླ་རྒན་ཉི་ཤུ་ལྷག་ལྷན་འཛོམས་མཛད་ནས་དེ་དག་གིས་ལྷག་བསམ་ལ་བརྟེན་ནས་ཕྱི་ལོ་༡༩༨༢ལོ་ནས་བཟུང་དགོན་འདིའི་བསྟན་པའི་མེ་རོ་སླར་ཡང་གསོ་བའི་དབུ་ཚུགས་ཤིང་ཡག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་བདུན་པའི་ཡང་སྲིད་ཁྲི་འདོན་མཛད། དེ་ནས་བཟུང་ཡག་སྤྲུལ་རིན་པོ་ཆེའི་ཐུགས་འགན་ཆེར་བཞེས་ཀྱིས་ད་ལྟའི་བར་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་འཆད་ཉན་གྱི་སྡེ་བཤད་གྲྭ་རྒྱུན་འཚོག སྒྲུབ་སྡེ་གྲུབ་བརྙེས་འཆི་མེད་དགའ་ཚལ་དུ་ཟབ་ལམ་ནཱ་རོ་ཆོས་དྲུག་གི་སྒྲུབ་རིས་ཆད་མེད་དང་། དགོན་གཞུང་ཚོགས་ཆེན་དུ་བླ་གྲྭ་རྣམས་ཀྱིས་ལོ་ཟླ་ལྟར་རྒྱུད་སྡེའི་དུས་མཆོད་དང་། སྒྲུབ་མཆོད། མགོན་པོའི་དགུ་ཆེན་ཉིན་བརྒྱད་དང་གར་འཆམ། དུང་སྒྲུབ་ཆེན་མོ་ཟླ་གསུམ་དང་དེ་རྗེས་དབང་ཆེན། དབྱར་གནས་དང་ཞིང་སྒྲུབ། དད་ལྡན་མང་ཚོགས་ལ་ཕྱག་ཆེན་སྔོན་འགྲོ བོད་ཟླ་དགུ་པར་ཀུན་རིག་སྨོན་ལམ་ཆེན་མོ་ཉིན་བདུན། དེ་རྗེས་ཞག་བརྒྱ་མཚམས་བསྡམས་མཛད་པ་སོགས་བཤད་སྒྲུབ་ལས་གསུམ་ཆ་ཚང་བའི་དགོན་སྡེ་ཞིག་གོ །