ཨ་ལོ་དཔལ་འབྱོར་དགོན།

བཀའ་བརྒྱུད་བསྟན་པའི་འབྱུང་གནས་ཨ་ལོ་ཐུབ་བསྟན་དཔལ་འབྱོར་དགོན་ནི་སྲིད་པའི་ལྷ་རབས་ཡུལ་བདག་ཞལ་ད་གཉན་པོའི་གཡོན་ཟུར་ནགས་ཀློང་སྟུག་པོའི་དབུས་ཀྱི་རི་སྒང་དེར་ཆགས་ཡོད། གདན་ས་འདི་ནི་ཕྱི་ལོ་༡༡༧༠ཡས་མས་སུ་བཀའ་དམ་པ་བདེ་གཤེགས་ཀྱིས་རི་ཁྲོད་བཏབ་ནས་གདན་སའི་དབུ་བརྙེས་པར་གྲགས། ཕྱིས་སུ་རྒྱལ་དབང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱལ་མཚོ་ཁམས་སུ་ཕེབས་སྐབས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཏུ་གྱུར། ཨ་ལོའི་སྐུ་མཆེད་ཟུང་གིས་ངོ་མཚར་ཀུན་གཟིགས་ལྷ་ཁང་གསར་བཞེངས་སོགས་དགོན་འདིའི་བསྟན་པའི་བདག་པོར་མཛད། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་དགུང་ལོ་༤ནས་༢༨བར་གདན་སའི་གཙོ་བོ་དགོན་འདི་ཉིད་མཛད་ནས་ཤེས་བྱའི་གནས་ལ་མཁྱེན་རབ་ཡངས་པོར་མཛད། མཁན་ཆེན་བཀྲ་ཤིས་འོད་ཟེར་དང་མཁན་ཆེན་ཀརྨ་ཐུབ་བསྟན་སོགས་གྲུབ་བརྙེས་ཀྱི་སྐྱེས་བུ་དུ་མས་ཕྱི་ནང་གསང་གསུམ་གྱི་བསྟན་པའི་བདག་པོར་མཛད་ནས་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་རྒྱ་ཆེར་བསྐྱངས། ཡང་དར་བསྟན་པའི་དབུ་བརྙེས་པ་ནས་བཟུང་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དོན་ཡོད་གྲུབ་པ་དང་། བླ་མ་ཀརྨ་ཆོས་སྐྱོང་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་བློ་བཟང་ཚེ་རིང་སོགས་ཀྱི་སྐུ་དྲིན་དང་བདག་རྐྱེན་ལ་བརྟེན་ནས་བསྟན་པ་དར་རྒྱས་སུ་གྱུར་ཏོ།།