སྨན་སྡོང་དགོན་པ་ནི། བོད་ཡུལ་མངའ་རིས་མཚོ་ཆེན་རྫོང་། སྨན་སྡོང་ཐུབ་བསྟན་ཆོས་འཁོར་གླིང་ནི། ༧རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་དངོས་སློབ་མཁས་ཤིང་གྲུབ་པ་བརྙེས་པ་ཡོངས་གྲགས་སུ་སྨན་སྡོང་མཚམས་པ་བླ་མ་རིན་པོ་ཆེ་ཀརྨ་་ངེས་དོན་བསྟན་རྒྱས། སྐུ་ཚེ་སྨད་ལོ་ངོ་བཅུ་གྲངས་རིང་སྨན་སྡོང་དུ་སྒྲུབ་པ་མཛད་ནས་མཐར་ཕྱི་ལོ་༡༨༨༥ ལོར་གནས་དེར་དགོངས་པ་མྱ་ངན་ལས་འདས། དེ་སྐབས་ཕྱོགས་བཅུ་ཞེས་པ་ཡུལ་དེའི་འགོ་བ་རྭ་བ་བསོད་ནོར་གྱི་འབངས་མི་སེར་རྣམས་སྣེ་ཁྲིད་འོག ཕྱི་ལོ་༡༨༨༥ལོར་དེ་རང་ལ་བླ་མའི་སྐུ་གདུང་ལྷ་ཁང་གསར་དུ་བཞེངས་པར་ས་གནས་དེར་དགོན་པ་གསར་བསྐྲུན་བྱེད་པར་ཐོག་མར་ཡིན། ལོ་ངོ་གསུམ་རྗེས་སྐུ་གཤེགས་བླ་མའི་སྐུ་མཆེད་མཁན་ཆེན་ལུང་རིགས་རྒྱལ་མཚན་གྱིས་དབུ་འཁྲིད་ནས། སྐུ་གདུང་ལྷ་ཁང་དང་འབྲེལ་མཐུད་ཀྱི་འདུ་ཁང་གསར་པ་བཞེངས།
དེ་རྗེས་རིམ་བཞིན་སྒྲུབ་དཔོན་ཤེས་རབ་ཐོགས་མེད་ཀྱི་གྲྭ་དགོན་གསར་བཞེངས་དང་ལོ་ངོ་ལྔ་ཙམ་སོང་བའི་རྗེས་གྲྭ་བ་མང་དུ་ཕྱིན་ནས། འདུ་ཁང་དེ་དང་འབྲེལ་འཐུད་ཀྱིས་འདུ་ཁང་ཆེ་བ་ཞིག་དང་། ད་དུང་བཀའ་འགྱུར་ལྷ་ཁང་དང་མགོན་ཁང་སོགས་མང་དུ་བཞེངས།
དགོན་པ་དེའི་དགོན་བདག་ལ་སྒྲུབ་དཔོན་ཞེས་འབོད་ཀྱི་ཡོད། དེ་ནི་གདན་ས་མཚུར་ཕུ་ནས་ལོ་གསུམ་ཕྱོགས་གསུམ་ཉམས་ལེན་གནང་ཟིན་པའི་བླ་མ་ཞིག་དང་། མཚུར་ཕུ་དགོན་པར་དགོངས་བསྐོར་སྙན་སེང་ཞུས་ནས་ཆོག་མཆན་འཐོབ་དགོས། དུས་ཕྱིས་བར་སྒྲུབ་དཔོན་བཞི་བྱོན་ཡོད།
དུས་འགྱུར་སྐབས་དགོན་པ་རྩ་གཏོར་ཟིན་ནས་སླར་ཡང་ཕྱི་་ལོ་༡༩༨༤ ལོར་བལ་ཡུལ་ནས་བླ་མ་ཀརྨ་ངེས་དོན་སྦྱིན་པ། བླ་མ་བསྟན་དར། བླ་མ་ཀརྨ་བློ་གྲོས་བཅས་ཕེབས་ནས་དགོན་པ་དང་གྲྭ་ཤག་གསར་བཞེངས་་དང་། རྗེས་སུ་སྒྲུབ་ཁང་གསར་པ་ཡང་བཞེངས་ནས། མདོར་ན་ཀམ་ཚང་མཐོང་རྒྱུན་ཕྱག་བཞེས་དང་གཞན་ཡང་འཁོར་ལོ་གསུམ་གྱི་བྱ་བར་བརྩོན་བཞིན་པ་བཅས། །