སྟོད་མངའ་རིས་འབུར་དཀར་དགོན་ནི།
དགོན་པ་འདི་ཉིད་རི་བོ་དཀར་ཞིང་ཟླུམ་ལ་ནོར་བུའི་དབྱིབས་ཅན་གྱི་མདུན་དུ་ཆགས་པས། འབུར་དཀར་བཀྲ་ཤིས་རབ་བརྟན་ངེས་དོན་དགེ་འཕེལ་གླིང་ཞེས་བོད་རང་སྐྱོང་ལྗོངས། མངའ་རིས་མཚོ་ཆེན་རྫོང་ཁོངས། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ལྔ་སྟོང་མ་ཟིན་ཙམ་གྱི་སར་ཆགས་ཤིང་། ཕྱག་འདེབས་པ་པོ་ནི་རྒྱལ་མཆོག་མཁའ་ཁྱབ་རྡོ་རྗེའི་ཞལ་སློབ་ཞལ་ཡས་མཚམས་པ་རིན་པོ་ཆེའམ་ཆོས་རྗེ་བླ་མ་ཀརྨ་ཤེས་རབ་འོད་ཟེར་མཆོག་གིས། ༡༨༩༠-༡༩༣༨ རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༩༢༠ ལོར་ཕྱག་བཏབས་པར་མཛད། ༼བླ་མ་རིན་པོ་ཆེ་འདི་པ་འཁྲུངས་ཡུལ་དང་ཆོས་ཞུགས་གནང་ས་མདོ་ཁམས་སྨད་མི་ཉག་འབོ་གངས་དཀར་ནས་ཡིན་པའི་རྒྱུ་མཚན་དུ་བྱས་ཏེ་སྐུ་ཕྲེང་རིམ་བྱོན་ལ་འབོ་དཀར་རིན་པོ་ཆེ་ཞེས་དང་། གདན་སའི་མིང་ལའང་འབོ་དཀར་དགོན་ཞེས་བླ་མའི་མཚན་དང་མཐུན་པར་སྤྱོད་སྒོ་ཆེར་དར་བར་འགྱུར།༽ རིམ་བཞིན་འདུས་པའི་ཚོགས་འཕེལ་ཏེ་དུས་འགྱུར་མ་བྱུང་གོང་གྲྭ་བཙུན་བརྒྱ་ཕྲག་ལྷག་ཡོད་ཅིང་། ༡༩༥༩ ལོར་དུས་འགྱུར་སྐབས་དགོན་པ་ཕྱི་ནང་རྟེན་དང་བཅས་པ་ཉམས་ཆག་ཏུ་སོང་། ༡༩༨༦ ལོར་༧སྐྱབས་རྗེ་འབོ་དཀར་རྡོ་རྗེ་འཆང་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་མཆོག་དང་། ༡༩༤༠-༢༠༠༤ གནས་བརྟེན་འདུལ་བ་འཛིན་པ་མཁན་ཆེན་བློ་གྲོས་དོན་ཡོད་རིན་པོ་ཆེ་རྣམ་གཉིས་བོད་དུ་ཕེབས་ཤིང་དགོན་པ་ཉམས་གསོའི་དབུ་འཛུགས་གནང་བ་དང་། ༡༩༩༣ སྒྲུབ་སྡེ་ཆོས་དབྱིངས་འོད་གསལ་གླིང་གསར་བཞེངས་གནང་། ༡༩༩༨ ལོར། དེང་དུས་དང་འཚམས་པའི་ཨར་བསྐྲུན་གྱི་དགོན་པ་གསར་བཞེངས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཀྱིས། རྡོར་སློབ་དང་སྒྲུབ་དཔོན་གཅིག་ཆོག་བླ་མ་བརྩོན་འགྲུས་རྒྱ་མཚོ་རིན་པོ་ཆེ་བསྐོ་བཞག་གནང་བ་བཞིན་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དེང་སྐབས་རྡོར་སློབ་བླ་མ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེའི་དབུས་དབུ་ཆོས་ལས་བྱེད་སྒྲུབ་བླ་རྣམ་པས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་འདིར་འདུས་བླ་གྲྭ་ཐམས་ཅད་བསླབ་པ་སློབ་གཉེར་སོགས་ཆོས་སྤྱོད་ཀྱི་མཛད་བཟང་གོང་ནས་གོང་དུ་འཕེལ་བཞིན་པ་ལགས་སོ། །