སྒ་བན་ཆེན་དགོན།

བན་ཆེན་དགོན་གྱི་ལོ་རྒྱུས་ཉུང་བསྡུས།
སྒ་བན་ཆེན་དཔལ་ལྡན་ཕུན་ཚོགས་དར་རྒྱས་གླིང་ནི། ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གི་ཤར་ལྷོ་ཕྱོགས་སུ་ཧ་ལམ་ས་ངོས་བར་ཐག་སྤྱི་ལེ་༢༡་དང༌། ལམ་ཐག་སྤྱི་ལེ་༢༧་ཡི་མཚམས་སུ་ས་གོ་ལའི་ཤར་གྱི་གཞུང་ཚད་༩༧°༨’༤༩”དང༌། བྱང་གི་འཕྲེད་ཚད་༣༢°༥༠’༤༠”ཐོག་ཏུ་ 97°8’49″E, 32°50’40″N ཡོད་ཅིང་ས་མགོ་མཐོ་ཚད་ལ་སྨི་༣༩༤༣་ཡོད་པ་དང༌། དགོན་འདི་ཐོག་མར་རྒྱལ་མཆོག་བདུན་པ་ཆོས་གྲགས་རྒྱ་མཚོའི་སྲས་ཀྱི་ཐུ་བོ་དང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་རིགས་ཀྱི་བདག་པོ་མཉན་པ་སྐུ་ཕྲེང་དང་པོ་བཀྲ་ཤིས་དཔལ་འབྱོར་གྱི་སྐུ་ཡི་ཕྲེང་བ་གསུམ་པ་བདེ་གཤེགས་སྙིང་པོའི་མ་འོངས་ལུང་བསྟན་ལྟར། སྒ་སྟོད་འཛིན་མའི་ཆར་ས་དཔྱད་དང་རྟེན་འབྲེལ་ལེགས་ཆ་ཐམས་ཅད་མ་ཚང་བ་མེད་པ། དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་འདི་ཉིད་དུ་མཉན་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་དགེ་ལེགས་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་མཇུག་སྤྱི་ལོ་༡༦༩༠་ཡས་མན་དུ་གདན་ས་དཔལ་ལྡན་བན་ཆེན་ཕུན་ཚོགས་དར་རྒྱས་གླིང་དངོས་སུ་ཕྱག་བཏབ། དེ་ནས་རིམ་བཞིན་མཉན་པ་རིན་པོ་ཆེ་སྐུའི་ཕྲེང་བ་རྣམས་དང་འཆི་མེད་རིན་པོ་ཆེ་བསྟན་དགའ་རིན་པོ་ཆེ་གོང་འོག་རྣམས་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་མཛད་ཕྲིན་རྒྱུན་སྐྱོང་པ་ལ་བརྟེན། དགོན་འདི་ཉིད་ཀྱི་རྟོགས་ལྡན་དང་གཅོད་པ་མཁན་པོ་སོགས་གཏམ་རྒྱུད་དུ་གྲགས་པ་མང་པོ་བྱུང༌། དེ་བཞིན་བཤད་སྒྲུབ་ཀྱི་བསྟན་པ་ཇེ་རྒྱས་ཇེ་ལེགས་སུ་གནས་ཀྱང་སྤྱི་མཚུངས་ལྟར་དུས་དབང་དུ་ཤོར། དེ་རྗེས་ཉམས་གསོ་ཆོག་པའི་དུས་མཚུངས་སུ་བླ་གྲྭ་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་དང༌། ཁྱད་པར་དུ་སངས་རྒྱས་མཉན་པ་སྐུ་ཕྲེང་བཅུ་པ་དཔལ་ལྡན་རང་བྱུང་ཕྲིན་ལས་ཀུན་ཁྱབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཐུགས་རྗེ་དང་གཟི་འོད་འོག །ཀཾ་ཚང་རང་ལུགས་ཀྱི་ཚེས་བཅུ་དུས་མཆོད་སྒྲུབ་མཆོད་ཀྱི་ཆོ་ག་ཕྱག་ལེན་ཚད་ལྡན་དང་སྒྲུབ་པ་སྒྲུབ་མཆོད་མིན་ཉུང་བ་ཞིག་ཚོགས་བཞིན་པ་དང༌། མགོན་ཁང་སྒྲུབ་ཁང་ཁག་ལྔ་དང་བཤད་གྲྭ་ཚོགས་གྲྭ་སོགས་ཉིས་བརྒྱ་མ་ཟིན་ཙམ་བཞུགས།