སྐྱོ་བྲག་བཙུན་དགོན།

སྐྱོ་བྲག་བཙུན་དགོན་མཁའ་སྤྱོད་བདེ་ཆེན་ཆོས་གླིང་གི་ངོ་སྤྲོད་རགས་བསྡུས།

དེ་ཡང་མི་མཇེད་འཇིག་རྟེན་ཁམས་ཀྱི་བྱེ་བྲག་འཛམ་གླིང་ས་ཡི་ལྟེ་བ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་གདུལ་ཞིང་གངས་རིའི་ལྗོངས་འདིར་སྟོད་ལ་མངའ་རིས་སྐོར་གསུམ་བར་དབུས་གཙང་རུ་བཞི་སྨད་མདོ་ཁམས་སྒང་དྲུག་ནང་ཚན་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས། མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་གནས་མཆོག་སྐྱོ་བྲག་སྤྱི་འབྱམས་བྲག་དང་སེང་ཧ་རྫོང་གི་ཉེ་ཆར། ཟླ་ཀླུང་ཕྱུག་མོ་དལ་གྱིས་བཞུར་བའི་གཡས་འགྲམ། རྒྱབ་རི་མཁའ་སྤྱོད་རྩེ་ཡི་ཞོལ་དུ་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ལུང་བསྟན་པ་དང་། ས་ཡི་དཔྱད་ཕུན་སུམ་ཚོགས་པའི་མེ་ཐི་ཁ་མཁའ་སྤྱོད་བཙུན་དགོན་ནི། ནང་ཆེན་རྫོང་ནས་ལེ་བར་བདུན་ཅུ་དོན་གསུམ་གྱི་སར་ཆགས་ཡོད། དང་ཐོག་སྐྱོ་བྲག་༧གསལ་བསྟན་དུང་གསུམ་གྱི་ཐུགས་བཞེད་བཞིན་༧ཀརྨ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་ཕྱི་ལོ་ ༡༩༡༡ ལྕགས་ཕག་ལོར་ཕྱག་བཏབ། དེ་རྗེས་རྗེ་ཉིད་ཀྱི་ཐུགས་སྲས་ལྷ་བུ་ཨོ་རྒྱན་བསྟན་འཛིན་གྱིས་ས་ཁྱི་ལོའི་དུས་འགྱུར་བར་བསྟན་རྒྱུན་བསྐྱངས། བསྟན་པ་ཡང་དར་གྱི་སྐབས་སུ་འདྲེན་མཆོག་༧གསལ་བསྟན་དུང་གསུམ་དང་རྗེ་བཙུན་བླ་རྒན་༧ཡེ་ཤེས་རབ་རྒྱས་རྣམས་ཀྱི་ཐུགས་བཞེད་ལྟར་བླ་མ་༧ཀརྨ་བཟང་པོ་ནས་ལོ་མང་ཡུན་དཀའ་བ་དང་བླངས་ཀྱི་སྒོ་ནས་བཙུན་དགོན་ཉམས་གསོ་ལ་ཐུགས་ཁུར་ཆེར་བཞེས་ཀྱིས་སྒྲིག་འཛུགས་དང་། གར་འཆམ་རོལ་དབྱངས། དུས་མཆོད་སོགས་གཟིགས་སྐྱོང་མཛད།
མཆོག་སྤྲུལ་༧བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཐུགས་ཁུར་དང་ལྷག་བསམ་གྱིས་བསྟན་དགོན་གང་དེའི་ཆེད་དུ་བསྟན་རྩ་དགེ་འདུན་གྱི་སྡེ་ཇེ་མང་དང་། བཙུན་མའི་བཞུགས་ཁང་། ཕྱིའི་བསྟན་གཞི་གཙུག་ལག་ཁང་དང་ནང་དུ་རིན་བྲལ་གྱི་སྐུ་གསུང་ཐུགས་རྟེན་སོགས་གསར་བཞེངས་ཐོག འཚོ་བའི་ཁ་གསབ་ཕོག་དངུལ་བཅས་ཐུགས་རྗེས་བསྐྱངས་བ་ལ་བརྟེན་ད་ལྟ་དགོན་འདིར་ཡིག་གྲྭ་དང་བཤད་གྲྭ་སྒྲུབ་གྲྭ་སོགས་ལ་བཙུན་མ་སུམ་བརྒྱ་ཡར་མར་ཙམ་འཚོ་གཞེས་ཡོད་ལ། ཡང་དགོས་དགོན་འདི་གཞི་ཆགས་ནས་ད་བར་དུ་ཡིག་གྲྭ་ནས་འབྲི་ཀློག་ཟུང་ལ་སྦྱང་པ་ཐོན་རྗེས། སྐྱོ་བྲག་༧གསལ་བྱེད་རིན་པོ་ཆེ་དང་སྐྱབས་རྗེ་༧ཨ་བསྟན་ཕུན་ཚོགས་གཙོས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་དབང་ལུང་མན་ངག་གསན་ཞིང་ཐོས་བསམ་སྒོམ་སྒྲུབ། ཁྱད་པར་དུ་ཐབས་གྲོལ་ནཱ་རོ་ཆོས་དྲུག་གི་ཉམས་ལེན་ལ་སེམས་རྩེ་གཅིག་ཏུ་ལོ་གསུམ་ཕྱོགས་གསུམ་ལ་སྒོམ་སྒྲུབ་ཆད་མེད་མཛད་བཞིན་མཆིས།
དགོན་འདི་ཕྱིའི་ཡུལ་བཀོད་ལེགས་ཤིང་ནང་བསྟན་རྩ་དགེ་འདུན་གྱི་སྡེ་དག་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་བོད་ཀྱི་ཆོས་བརྒྱུད་ཆེན་མོ་དྲུག་ལས་དཔལ་མཉམ་མེད་བཀའ་བརྒྱུད་པ་དང་། དེ་ལས་བཀའ་བརྒྱུད་ཆེ་བཞིའི་ནང་ཚན་རྒྱལ་བ་འབའ་རོམ་པའི་བསྟན་པའི་སྲོལ་འཛིན་པ་ཞིག་གོ།

This image has an empty alt attribute; its file name is dd-1024x681.jpg
This image has an empty alt attribute; its file name is image005-1024x550.jpg
This image has an empty alt attribute; its file name is image007-1024x689.jpg

This image has an empty alt attribute; its file name is image010-1024x510.jpg