ལུང་དཀར་བསམ་གཏན་བྱང་ཆུབ་གླིང་དགོན་པ་ནི། བོད་ལྗོངས་གཞིས་རྩེ་ས་ཁུལ་འབྲོང་པ་རྫོང་ལུང་དཀར་གྱི་ཁོངས་རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་ ༤༦༠༠ ཙམ་གྱི་སར་ཆགས་ཤིང་། ཐོག་མར་ཕྱི་ལོ་ ༡༤༣༧ ལོར་བླ་མ་བློ་བཟང་ནོར་བུ་ཞེས་པའི་བྱ་བཏངས་ཤིག་གིས་དེར་ས་དཔྱད་ལེགས་ལ་རྟགས་དང་རྟེན་འབྲེལ་མཛོམས་པས་ཡུལ་མི་རྣམས་ཀྱི་རེ་བ་ལྟར་དགོན་པ་ཕྱག་བཏབས་པར་མཛད། རྒྱབ་རི་དང་། དར་རོགས་གཡུ་མཚོ་སྔོན་མོ་བཅས་གནས་རི་དང་གནས་མཚོ་ཁྱད་པར་ཅན་དུ་གཟིགས་ནས་རི་མཚོ་དག་ལ་བཤད་པ་དང་། གསོལ་ཁ་རྒྱས་པར་མཛད་ནས་བསྟན་པ་སྤེལ། དེ་ནས་བཟུང་སྟེ་བུ་སློབ་བླ་རབ་རིམ་བྱོན་གྱིས་གོང་འཕེལ་གནང་ནས་ཡོངས་སུ་གྲགས་པའི་དགོན་ཆེན་ཞིག་ཏུ་གྱུར། ཕྱིས་སུ་དུས་འགྱུར་རིགས་གསར་སྐབས་རྩ་ཐོར་དུ་གྱུར་། ༡༩༨༦ སླར་ཡང་ཡུལ་དཔོན་དང་ཡུལ་མི་རྣམ་ཀྱི་འདོད་འདུན་དང་རྒྱབ་སྐྱོར་འོག་བླ་མ་བསྟན་དར་རིན་པོ་ཆེས་གཟིགས་སྐྱོང་དང་འབྲེལ་ཉམས་བཟོ་དབུ་གཙུགས་གནང་སྟེ་ཡུལ་དེའི་གྲྭ་རྒན་འགའ་དང་། མེར་དགའ་དགོན་གྱི་དགེ་འདུན་པ་ཆོས་དབྱིང་དང་། སྒྲུབ་བརྒྱུད་གཉིས་ཀྱི་དག་སྐྱོང་གནང་། ༢༠༠༡ ལོར་མེར་དགའ་དགོན་གྱི་བླ་མ་ཤེས་རབ་མཐར་ཕྱིན་བླ་བསྐོས་སུ་གནང་སྟེ་ལྷ་ཁང་། འདུ་ཁང་། མགོན་ཁང་། གུ་རུ་ལྷ་ཁང་། སྒྲོལ་མ་ལྷ་ཁང་། གྲྭ་ཤག་བཅས་ཉམས་བཟོ་གནང་ནས་ཆོས་བརྒྱུད་ཀརྨ་ཀཾ་ཚང་རང་ལུགས་འཛིན་ནས་བསྟན་པ་སྐྱོང་བཞིན་པར་མཆིས་སོ། །