འབྲུག་ར་ལུང་དགོན།

༄༅། །རྒྱལ་རྩེ་རྫོང་འབྲུག་ར་ལུང་དགོན་གྱི་ལོ་རྒྱུས།


མཚན་རྒྱས་པར། ར་ལུང་མེ་ཏོག་མདང་འཕྲོག་ཅེས་ཞུ། ལྷ་ས་ནས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༤༨༥༢ཙམ་མཐོ་བའི་གམ་པ་ལ་བརྒྱབ། དེ་ནས་སྣ་མཁར་རྩེ་བརྒྱུད་ལྷོ་བྲག་དང་རྒྱལ་རྩེར་འགྲོ་སའི་ལམ་ཁ་རག་ནས་མྱང་ སྟོད་ཁ་རི་ལ་བརྒྱབ་སྟེ་མར་ཡོང་བས་ལམ་ཟུར་ཤིང་བྱང་ཡོད་པ་ལྟར་བྱང་ངོས་སུ་ སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་དྲུག་ཙམ་སོང་ན་དགོན་དེར་སླེབས་ཀྱི་རེད། ༼ཁྱོན་བསྡོམས་ལྷ་ས་ནས་ལམ་ཐག་སྤྱི་ལེ་༢༠༠མ་ཟིན་ཙམ་ཡོད་༽

དགོན་དེ་ནི་སྤྱི་ལོ་༡༡༩༣ལོར་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་ཕྱག་བཏབ་གནང་མཛད། ར་ལུང་ཞེས་པ་ནི་ཁུལ་དེའི་འབྲོག་པ་ཞིག་ལ་ར་མོ་ དཀར་ པོ་ཞིག་ཡོད་པ་རྟག་ཏུ་བོར་བརླགས་སོང་ཡང་སླར་རང་ལོག་ཡོང་ཚུལ་སྒྲུབ་ཆེན་གླིང་ རས་པ་དང་། འགྲོ་མགོན་གཙང་པ་རྒྱ་རས་ལ་ཞུས་པར་ཁོང་རྣམས་ལྷན་དུ་ད་ལྟའི་དགོན་གནས་སུ་ཕེབས་ པས། དེར་ར་མོ་དཀར་པོ་དེ་ཉལ་ནས་བསྡད་ཡོད་པ་དང་དེ་མར་ཡར་ལངས་པས་དེའི་འོག་ཏུ་རྡོ་ ལེབ་ཅིག་སྟེང་རའི་འོ་མ་བབས་ཤུལ་དུ་ཨོཾ་ཨཱ་ཧུཾ། ཞེས་པའི་རང་བྱོན་འབུར་དོད་དུ་ཡོད་པ་༼རང་བྱོན་གྱི་རྡོ་དེ་ཕྲེང་འགོ་སྣ་ཕུ་ ཆོས་ལུང་ཞེས་པར་ཡོད་ཚུལ་གསུངས་༽གཟིགས་ཏེ་རྒྱ་རས་ལ་གནས་དེར་དགོན་པ་འདེབས་སུ་ འཇུག་གནང་མཛད། དགོན་ས་དེ་ར་ཡིས་ལུང་བསྟན་པ་ལྟར་བྱུང་བས་དགོན་མིང་ལའང་ར་ལུང་ཞེས་བཏགས། དེ་ནས་གཙང་པ་རྒྱ་རས་ཀྱི་མཛད་འཕྲིན་གྱིས་འདུས་ཚོགས་ཤིན་ཏུ་རྒྱས་པར་གྱུར། གཙང་པ་རྒྱ་རས་ནི་ཡབ་རྒྱ་ཟུར་བོ་ཚབ་པེ་ཞེས་རུས་རྒྱུད་རྒྱ་བྱ་བའི་རྒྱུད་ཡིན་ པས་རྒྱ་དང་། འཁྲུངས་ཡུལ་གཙང་མྱང་སྟོད་ཁུ་ལེའི་ཡུལ་ནས་ཡིན་པས་གཙང་། དབུ་ལ་རལ་པ་ཡོད་པས་རལ་པ་ཞེས་འབྲི་དགོས་ཀྱང་བརྗོད་བདེའི་དབང་གིས་རྒྱ་རས་ཞེས་ འབྲི་སྲོལ་དར་བ་ཡིན་ཞེས་གསུངས། ད་ལྟ་འཇིགས་མེད་མི་འགྱུར་བར་སྐུ་ཕྲེང་བཅུ་གཉིས་བྱུང་། ད་བར་འབྲུག་པ་བཀའ་བརྒྱུད་ཕྱག་བཞེས་གནང་བ་ཡིན། དགོན་དེར་ཐུན་མོང་མ་ཡིན་པ་ཕྱིའི་གནས་ལ་ཁྱད་འཕགས་བཞི་དང་། ནང་གི་གནས་ལ་ཁྱད་འཕགས་བཞི། གསང་བའི་གནས་ལ་ཁྱད་འཕགས་བཞི། དེ་ཁོ་ན་ཉིད་ཀྱི་གནས་ལ་ཁྱད་འཕགས་གཅིག་བཅས་ཁྱད་འཕགས་བཅུ་གསུམ་དང་ལྡན་པ་ཞེས་ གསུངས་ལ། དེ་ལས་མཆེད་པའི་ཆོས་ལ་འབྲུག་པ་ཞེས་སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་ས་ཡི་རྩི་ཤིང་། བར་འབྲུག་དབུ་ཆེན་གདུགས་ཐོབ་པ་ཉེས་སྟོང་ལྔ་བརྒྱ་ཞེས་སོགས་གྲགས་པ་ཡིན།

སྔར་ར་ལུང་དགོན་དེར་གཙུག་ལག་ཁང་ཞེས་འདུ་ཁང་ཀ་བ་༤༢ཀྱི་གཙང་ཁང་ཕྱོགས་གསུམ་དུ་ཡོད་པ་ནི་དབུས་ཀྱི་གཙང་ཁང་དུ་བྱམས་པ་ཐོག་སོ་ གསུམ་ དང་། ཤར་གྱི་གཙང་ཁང་དུ་གདན་ས་ལྷ་ཁང་ཞེས་ཐུབ་པ་རབས་བདུན་ཐོག་སོ་མ་ཟིན་ཙམ། དེའི་གཞོགས་གཡས་གཡོན་དུ་ཤར་ལི་དང་གསེར་ཟངས་ལས་གྲུབ་པའི་སྨན་བླའི་སྐུ་བརྙན་ མི་ཚད་ལྷག ནུབ་ཀྱི་གཙང་ཁང་དུ་རྟེན་གཙོ་གསེར་ཟངས་ཀྱི་ཚེ་དཔག་མེད་ཐོག་ཚད་མ་ཞིག་ཡོད་པ་ དེའི་མཛོད་སྤུར་མུན་གསལ་གཡུ་རྡོག་བྱ་གོང་གི་ཚད་ཙམ་ཞིག་ཡོད་པ། བྱམས་པའི་དབུ་ཐོད་བླ་མ་ལྷ་ཁང་ནང་བཀའ་བརྒྱུད་གསེར་ཕྲེང་ཞེས་བླ་བརྒྱུད་ཀྱི་ སྐུ་བརྙན་ལྔ་བཅུ་ལྷག་ཙམ་དང་རིན་ཆེན་སྣ་ལྔ་ལས་བྲིས་པའི་བཀའ་འགྱུར་དང་བསྟན་ འགྱུར། ཤར་ངོས་སྒྲོལ་མ་ལྷ་ཁང་ནང་སྐུ་རྒྱུ་ཤར་ལི་ལས་གྲུབ་པའི་སྒྲོལ་མའི་སྐུ་བརྙན་ ཁྲུ་གང་ལྷག་ཙམ་བྱས་པ་སྟོང་སྐུ། དེའི་གཞོགས་ཀྱི་ལྷ་ཁང་ནང་བཀའ་གདམས་མཆོད་རྟེན་སྟོང་ཕྲག་གཅིག་ལྷག་ཙམ་དང་ལྷ་ ཁང་དེའི་ནང་ཙན་དན་དཀར་དམར་གྱི་ཀ་བ་གཉིས། སྒོ་འཕྱོར་གྱི་སྟེང་དུ་སྟོད་འབྲུག་ལྷ་ཁང་ཞེས་པའི་ནང་གི་རྟེན་གཙོར་ཤར་ལི་ལས་ གྲུབ་པའི་རྒོད་ཚང་མགོན་པོ་རྡོ་རྗེའི་སྐུ་བརྙན་དང་གླང་དར་ཁྲིམས་ཕོག་མ་ཞེས་ ཞབས་ལ་འཛེར་གར་བཏབ་པའི་སྟོན་སྐུ། ཆོས་མགོན་རིན་པོ་ཆེའི་སྐུ་བརྙན་དྲོད་རྟ་རྔ་ཙམ་ཡོད་ཅེས་པའི་འཇིམ་སྐུ། གཞན་ཡང་རྒྱ་གར་ཤར་ནུབ་དང་གསེར་ཟངས་སོགས་ཀྱི་སྐུ་བརྙན་ཇི་སྙེད། ནུབ་ངོས་སུ་པེ་ཧར་རྒྱལ་པོའི་བཞུགས་གནས་བཅས་ཡོད། སྐུ་འབག་ཁམས་གསུམ་ཟིལ་གནོན་ཀ་བརྒྱད་ནང་གི་རྟེན་གཙོར་རྒྱ་རས་ཀྱི་སྐུ་བརྙན་ སྐུ་རྒྱུ་ཛྷཻ་ཀྵིཾ་ལས་གྲུབ་པ། ཡེ་ཤེས་དངོས་བཞུགས་ཡིན་ཞུ་བ། སྐྱེ་བོ་སོ་སོར་མཇལ་ཚུལ་མི་འདྲ་བ་བྱོན་པ་མི་ཚད་ལྷག་ཞིག་དང་། དེའི་གཡས་སུ་སྒྲུབ་ཐོབ་གླིང་རས་དང་གཡོན་དུ་འབྲུག་པ་པདྨ་དཀར་པོས་བཞེངས་གནང་ བའི་དཔལ་རེག་པ་མེད་པའི་མཆོད་རྟེན་ཞེས་རིན་ཐང་གསེར་ཞོ་གསུམ་སྟོང་གནས་པ། དེའི་གཡས་སུ་ཤར་ལི་ལས་གྲུབ་པའི་པདྨ་དཀར་པོའི་སྐུ་བརྙན་མི་ཚད་ལྷག དེའི་གཡས་སུ་གསེར་ཟངས་ཀྱི་ཚེ་དཔག་མེད་ཀྱི་སྐུ་བརྙན་མི་ཚད་ལྷག དེའི་གཡས་སུ་སྨད་འདམ་གྱི་འབྲུག་པ་ཀུན་ལེགས་ཀྱི་སྐུ་བརྙན། དཔལ་རེག་པ་མེད་པའི་མཆོད་རྟེན་ གྱི་གྱོན་ངོས་སུ་སྐུ་རྒྱུ་ཤར་ལི་ལས་གྲུབ་པ་གཅུང་རིན་པོ་ཆེ་ངག་གི་དབང་ཕྱུག དེའི་གཡོན་ངོས་སུ་ཆོས་རྗེ་ང་འདྲ་མ་ཞེས་གསེར་ཟངས་ལས་གྲུབ་པ་རྒྱ་རས་ཀྱི་སྐུ་ བརྙན། འབུམ་ནག་བྲིས་མ་དང་བརྒྱད་སྟོང་གསེར་བྲིས་མ། གཞན་ཡང་རྒྱ་རས་ཀྱི་སྐུ་ཆས་སྣ་ཚོགས། ཆོས་བདག་ཇག་མེའི་སྐུ་ཕེབས་ཀྱི་སྐུ་ཆས་སོགས་ཡོད། དེའི་ནུབ་ངོས་སུ་ལྷ་མོ་དུས་གསོལ་མའི་མགྲོན་ཁང་། ཐོག་ཀར་སྐྱབས་མགོན་འབྲུག་པའི་བླ་རྒྱུད་ཀྱི་རིང་སྲེལ་བཞུགས་པའི་མཆོད་རྟེན་ སྣ་ཚོགས། དངུལ་གར་བླུགས་ཀྱི་བཀའ་བརྒྱུད་གསེར་ཕྲེང་གི་བླ་བརྒྱུད། རྟེན་གཙོར་ཤར་ལིའི་རྗེ་བཙུན་སྒྲོལ་མ་བྱིས་པ་ལོ་བརྒྱད་ཙམ་གསུམ། གཡམ་འབག་གི་སྒོ་སྒྲིབ་སྟོད་ལ་གངས་རིའི་རང་བྱོན་དང་འོག་ཏི་སེང་གེའི་རང་བྱོན་ ཅན་གཏེར་མ། འབྲུག་པ་བཀའ་བརྒྱུད་ཀྱི་ཞལ་འདོན་པར་ཤིང་ཆ་ཚང་། དེའི་ཤར་དུ་འབྲུག་པའི་གཟིམ་ཆུང་ཀ་བཞིའི་ནང་ལའང་རྟེན་དང་བརྟེན་པར་བཅས་པ།ཤར་ངོས་མུ་ཏིག་ལྷ་ཁང་ནང་ཡི་དམ་བདེ་མཆོག་གི་སྐུ་བརྙན་ཡབ་དངུལ་དང་ཡུམ་ཟངས་ དམར་ལས་གྲུབ་པ་ཐོག་སོ་ཅན། དེའི་གཡོན་ངོས་སུ་བདེ་མཆོག་གི་སླངས་གཟུགས་དཀྱིལ་འཁོར་ཤར་སོས་སུ་མུ་ཏིག ལྷོ་ངོས་སུ་པུ་ཤེལ། ནུབ་ཏུ་བྱུ་རུ། བྱང་དུ་མུ་མེན་ལས་གྲུབ་པ་ཁྲ་རྒྱན་མང་ཆེ་བ་མུ་ཏིག་ལས་གྲུབ་པས་མུ་ཏིག་ལྷ་ཁང་ ཞུ་དོན་ཡང་དེ་ལྟར་ཡིན། དེའི་གཡས་ངོས་སུ་འབྲུག་པ་སྐུ་ཕྲེང་གཉིས་པ་ཀུན་དགའ་དཔལ་འབྱོར་གྱི་དངུལ་གདུང་ གསེར་གྱི་བབ་ལ་ཅན་ཐོག་སོ་གཅིག་མ་ཟིན་ཙམ། དེའི་ནུབ་ངོས་སུ་མགོན་པོ་ཕྱག་བཞིའི་མགོན་ཁང་ཀ་བརྒྱད་ཅན་ནང་གསེར་དཀར་པོ་ལས་ གྲུབ་པའི་རྟེན་མདོས་ཁྲུ་ཕྱེད་དོ་ཙམ། དར་སྤུངས་ཀྱི་དབུས་སུ་སྒ་ལོས་ཕུལ་བའི་རྡོ་ནག་གི་ཡེ་ཤེས་མགོན་པོ་མཐོ་གང་ཙམ། དེའི་མདོར་སྲུང་མ་ཁག་གི་སྐུ་སོབ། མུ་ཏིག་ལྷ་ཁང་གི་འོག་ཏུ་གསང་བའི་མགོན་ཁང་ཞེས་ནང་གནམ་ལྕགས་ཕུར་པ་ཀ་བའི་རིང་ ཐུང་ཙམ་དང་། རིན་ཆེན་བརྡར་ལུ་ཁྲུ་ཕྱེད་དོ་ཙམ། དེའི་མཐའ་འཁོར་དུ་འབྲུག་པ་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་བླུགས་པའི་སྒམ་སྣ་ ཚོགས། དྲིལ་བུ་ཐེག་ཆེན་ཞེས་པ་ སྒམ་ གང་། གཞན་ཡང་རབ་གསལ་གཟིམ་ཆུང་ཁག་བཅས་ཡོད། དགོན་དེའི་འོག་གི་ཆུ་འགྲམ་དུ་རྡོ་རྗེ་སེམས་དཔའ་ཞེས་པའི་ལྷ་ཁང་ཀ་བ་བཅོ་ བརྒྱད་ཀྱི་གཙང་ཁང་ཀ་བཞིའི་ནང་གསེར་ཟངས་ཀྱི་རྡོར་སེམས་ཐོག་སོ་གསུམ་ལྡན་གྱི་ དབུ་རྒྱན་རིགས་ལྔའི་ཤར་རྡོ་སེམས་མུ་ཏིག ལྷོ་རིན་འབྱུང་པུ་ཤེལ། ནུབ་སྣང་མཐའ་བྱུ་རུ། བྱང་དོན་ཡོད་གྲུབ་པ་གཡུ། དབུས་རྣམ་སྣང་པུ་ཤེལ་བཅས་ལས་གྲུབ་པ་སོ་སོར་ཁྲུ་གང་ཙམ། གཞན་ཡང་ར་ལུང་སྐོར་ཆེན་གྱི་འཆམ་ཆས་དང་དུང་རྒྱ་རོལ་མོ་སོགས་ཕུན་སུམ་ཚོགས་པ། བཀའ་འགྱུར་པར་མ། སྒོ་འཕྱོར་སྟེང་རབ་གསལ་ནང་སྨན་འདམ་གྱི་གནས་བཅུ་ཁྲུ་གང་ཙམ། ཆུའི་ཁ་གནོན་ཡིན་ཞེས་ཕྱག་རྡོར་བྱིན་ཅན། མགོན་ཁང་དམར་པོ་ཞེས་པའི་ནང་གསང་བའི་རྟེན་བྱེ་མའི་མཆོད་རྟེན་ཉིས་ཐོག་ཅན་གྲང་ གསེར་གྱིས་ན་བཟའ་བསྒྲོན་པ། དེའི་གཟུངས་སུ་རྒྱ་རས་ཀྱི་སྐུའི་སྒལ་ཚིགས་ཉེར་གཅིག་ལ་ཁ་སར་པ་ཎི་ཉེར་གཅིག་ འཁྲུངས་པ་ལས་གཅིག་དེའི་ནང་བཞུགས་པ། དེའི་གཞོགས་སུ་ཆོས་རྗེ་གཞོན་ནུ་སེང་གེའི་གསེར་ཟངས་ཀྱི་འདྲ་སྐུ་མི་ཚད་ལྷག ལྷོ་ངོས་སུ་འབྲུག་པ་ངག་དབང་རྣམ་རྒྱལ་གྱི་མཐུ་ཁང་ཞེས་པའི་ནང་འདྲེའི་མགོ་ལག་ ཅེས་པའང་བཀལ་ཡོད། ལྷ་ཁང་དེའི་རྩིག་ལྡེབས་སུ་འབྲུག་པ་ཀུན་ལེགས་ཀྱི་སྲས་ཞིང་སྐྱོང་འབྲུག་གྲགས་ ཀྱི་ཞབས་རྗེས་ཀྱང་མཇལ་རྒྱུ་ཡོད། དེའི་ནུབ་ངོས་གླིང་རས་ཀྱི་གྲུབ་ཕུག་ནང་གསེར་ཟངས་ལས་གྲུབ་པ་གླིང་རས་ཀྱི་འདྲ་ སྐུ་བྱིས་པ་ལོ་བརྒྱད་ཙམ། དེའི་ཤར་ངོས་སྤང་སྟེང་དུ་དགོན་དེ་མ་བཞེངས་གོང་ས་ཕུད་རྡོ་ཕུད་ལས་བཞེངས་པའི་ གཙང་པ་རྒྱ་རས་ཀྱི་འདྲ་སྐུ་མི་ཚད་ཙམ། དེ་ནས་གཙང་པ་རྒྱ་རས་དགོངས་རྫོགས་སུ་བཞེངས་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ནང་ གི་རྟེན་གཙོར་གསེར་ཟངས་ཀྱི་སྤྱན་རས་གཟིགས་ཁ་སརྤ་ཎིའི་ཁྲ་རྒྱན་རྣམས་ཟ་ཧོར་ རྒྱལ་པོའི་ལྷ་ལྕམ་གྱི་མགུལ་རྒྱན་ཡིན་ཞུ་བ་ཐོག་སོ་གཅིག དེའི་ཆོས་འཁོར་བཅུ་གསུམ་ནང་གསེར་ཟངས་ཀྱི་རྡོ་རྗེ་འཆང་མི་ཚད་མ་ཟིན་ཙམ། བཀྲ་ཤིས་སྒོ་མང་གི་གཟིམ་སྒོ་རྣམས་ལ་རྒྱུད་སྡེ་བཞིའི་ ལྷ་ཚོགས། གཉྩིར་ཉི་མའི་སྙིང་པོ་ཞེས་པ་ཨར་ལས་པས་བསྒྲོན་མི་ཐུབ་པའི་ཚེ་ཨར་ལས་པ་རྣམས་ ལྟོ་ཟ་བའི་དུས་དང་བསྟུན་ནས་སངས་རྒྱས་དབོན་དྷརྨ་སེང་གེས་སྤྲུལ་པའི་རྐྱང་ལ་ ཆིབས་ཏེ་བསྒྲོན་གནང་བ་ཡིན་ཞུ་བ་དང་། རྐྱང་གི་ཞབས་རྗེས་ད་ལྟའང་མཇལ་རྒྱུ་ཡོད་པ་བཅས་ཡིན།

ད་ ལྟ་སྐུ་འབག་ཟིལ་གནོན་ཉམས་གསོ་གནང་བའི་ནང་སྔོན་གྱི་ནང་རྟེན་ས་འོག་ནས་ཐོན་པ་ དཔལ་རེག་པ་མེད་པའི་མཆོད་རྟེན་གྱི་སྐུ་སྨད་སྟེང་སྐུ་སྟོད་གསར་དུ་བཞེངས་པ་ དང་། གླིང་རས་གྱི་སྐུ་བརྙན། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། དགོན་དེའི་དུས་ཆེན་ར་ལུང་སྐོར་ཆེན་ནི་ལོ་ལྟར་བོད་ཟླ་༧ཚེས་༡༣·༡༤·༡༥བཅས་སུ་ དྭགས་པོ་ལྷ་རྗེའི་དགོངས་རྫོགས་སུ་མགོན་པོ་བཀའ་བརྒྱུད་ཀྱི་སྒོ་ནས་གར་འཆམ་ དང་། འབྲུག་པ་ངག་དབང་རྣམ་རྒྱལ་གྱི་སྐུ་བརྙན་གྲྭ་ཆུང་ཞིག་གིས་རྟ་བཞོན་ནས་གདན་ འདྲེན་བཞིན་དགོན་པར་སྐོར་བ་བསྐྱོན་པ་དང་། དད་ལྡན་མང་ཚོགས་ཀྱིས་མཆོད་ཆང་དང་། ཞོ་འོ་མ། དར་བ་སོགས་འབུལ་སྲོལ་ཡོད།

ཡང་ དགོན་དེའི་སྟོད་དུ་གྲྭ་དགོན་སྤེ་བྱ་དགོན་ཞེས་པ་དང་། བྱང་ངོས་སུ་མོ་དགོན་གཞོང་ཁང་ཞེས་པ། ལྷོ་ངོས་སུ་མོ་དགོན་བཙན་བཅུ་ཞེས་པ་སོགས་ཀྱི་གྱང་གོག་ཀྱང་མཇལ་རྒྱུ་ཡོད།

ཀརྨ་སྙིང་གཟུགས་ནས།