འཇང་ཁྲ་མོ་དགོན།

དཔལ་ཁྲ་འབུར་བཀྲ་ཤིས་དར་རྒྱས་གླིང་ངམ་ཁྲ་མོ་དགོན། རྒྱ་སྐད་ལ་༼寿国寺༽ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ཁམ་བུ་ཤང་གི་ཁོངས་སུ། ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་དུས་མཇུག །ཕྱི་ལོ་༼༡༧༢༧༽ ལོར། ཕྱག་བཏབ། བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་ཀརྨ་བཀའ་བརྒྱུད་དང་། འཇང་སྟོད་ཀྱི་རང་བཙན་ཁ་བ་དཀར་པོའི་རི་བརྒྱུད་ཀྱི་བཀའ་བརྒྱུད་དགོན་ཁག་རྣམས་ཀྱི་མ་དགོན་ཞིག་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི ༢༠༦༥ ཡོད་པའི་ས་གནས་དེ་ནི་ལི་སུའུ་རིགས་དང་། འཇང་རིགས། བོད་རིགས། རྒྱ་རིགས་སོགས་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཡིན་ཞིང་། དཔལ་ཁྲ་འབུར་བཀྲ་ཤིས་དར་རྒྱས་གླིང་ནི་ལོ་རྒྱུས་རྒྱུན་རིང་བ་མ་ཟད། འཛུགས་སྐྲུན་གྱི་ཁྱད་ཆོས་གཞི་རྒྱ་ཆེ་བ། བཟོ་རྩལ་བྱང་ཆུབ་པ། ལྡེབས་རིས་ཀྱི་ནང་དོན་མཉམ་འདྲེས་དང་།(道教)ཏོའུ་ཇོ་ལུགས། (儒教)རུའུ་ཇོ་ལུགས། (白族)བའེ་རིགས། རྒྱ་རིགས། བོད་རིགས་སོགས་མི་རིགས་སོ་སོས་ཁྱད་ཆོས་ཐོན་པའི་འཛུགས་སྐྲུན་དང་སྒྱུ་རྩལ་དད་མོས་དང་རིག་གནས་སྣ་ཚོགས་མཉམ་འབྲེལ་གང་ལེགས་བྱས་པའི་དཔེ་མཚོན་ཕུལ་དུ་བྱུང་བ་ཞིག་ཡིན། ད་དུང་ཡུན་ནན་ནུབ་བྱང་གི་དམིགས་བསལ་ཆོས་སྲིད་ལམ་ལུགས་ཀྱི་བདེན་དཔང་དངོས་དང་། ལོ་རྒྱུས་དང་། ཚན་རིག་གི་རིན་ཐང་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིན་ཐང་ཡང་ལྡན་ཡོད། དགོན་པ་དེར་གཙུག་ལག་ཁང་ཆེན་པོ་ཁམས་གསུམ་ཆོས་ཉིད་ལྷ་ཁང་། ཇོ་བོ་བྱམས་ཆེན་སེང་གེའི་སྒྲའི་ལྷ་ཁང་། མི་འགྱུར་འབྱུང་ནས་ལྷ་ཁང་། བྱང་གྲོལ་ལམ་མཆོག་ལྷ་ཁང་། བྱམས་ཆེན་ལྷ་ཁང་། ཚེ་དཔག་ལྷ་ཁང་། གྲུ་འཛིན་ལྷ་ཁང་། ཆོས་དྲུག་སྒྲུབ་ཁང་། འཇམ་དབྱངས་རིག་མཛོད་ལྷ་ཁང་། ཛྃ་ལྷའི་ལྷ་ཁང་བཅས། ཆེས་བརྗིད་ཉམས་ལྡན་པའི་ལྷ་ཁང་ཆེ་ཆུང་དུ་མས་ཡོངས་སུ་གང་ཞིང་། མཛེས་ཤིང་ཉམས་དགའ་བ་སྐྱེ་དངོས་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་ཁོར་ཡུག་གིས་བསྐོར་བ་ཞིག་གོ །།