མེར་དགའ་འོད་གསལ་ཆོས་འཁོར་གླིང་།

མེར་དགའ་འོད་གསལ་ཆོས་འཁོར་གླིང་ནི། བོད་ལྗོངས་གཞིས་རྩེ་འབྲོང་པ་རྫོང་ཁོངས་མཐོ་ཚད་རྒྱ་ཚོའི་ངོས་ནས་སྨི་ ༤༨༠༠ ཙམ་གྱི་སར་ཆགས་ཤིང་། དེ་ཡང་ཕྱི་ལོ་ ༡༩༠༠ ནང་རྫ་དམར་བླ་མ་རིན་པོ་ཆེས་གཞུ་ཤུབས་རྫ་ར་ཞེས་པ་དབེན་ཞིང་ཉམས་དགའ་བའི་གནས་སུ་ཐོག་མར་ཕྱག་བཏབ་པར་མཛད་པ་དེ་ཉིད་ ༡༩༥༩ དུས་འགྱུར་སྐབས་ཕྱི་ནང་བརྟེན་དང་བཅས་པ་ཉམས་ཆགས་རྩ་མེད་སུ་སོང་བར། ༡༩༨༤ ལོར། ཡུལ་འདིར་ཐུགས་བསྐྱེད་ཀྱི་མཛད་པ་ཁྱད་པར་དུ་འཕགས་པ་༧སྐྱབས་རྗེ་བླ་མ་རིག་འཛིན་སྐྱེ་མེད་རྡོ་རྗེའམ། མཚན་ཡོངས་སུ་གྲགས་པ་ཆོས་རྗེ་བླ་མ་ཨཿཚེ་གཡང་རིན་པོ་ཆེ་མཆོག་ནས་མེར་དགའ་ཞེས་པ་ད་ལྟའི་དགོན་ས་འདིར་ལྷ་ཁང་ཆེན་མོ་དང་ཚོགས་ཆེན་འདུ་ཁང་། སྒྲོལ་མ་ལྷ་ཁང་། གུ་རུ་ལྷ་ཁང་། སྨྱུང་གནས་ལྷ་ཁང་། མགོན་ཁང་། གཟིམ་ཆུང་དང་གྲྭ་ཤག་སོགས་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ཀྱིས་ ༡༩༨༦ ལོར་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་ནས་༼ཀརྨ་ངེས་དོན་འོད་གསལ་ཆོས་འཁོར་གླིང་།༽ཞེས་པའི་མཚན་གནང་། དེང་སྐབས་བཙུན་དགོན་དང་། སྔགས་པ་གྲྭ་ཚང་གསང་སྔགས་ཐུབ་བསྟན་གླིང་བཅས་འདུས་པ་རྣམས་འཁོར་ལོ་གསུམ་གྱི་བྱ་བར་བརྩོན་ཏེ་ཀཾ་ཚང་རང་ལུགས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་གནང་བཞིན་པ་ལགས་སོ། །