པྲེ་ཏ་པུ་རི་དགོན།

པྲེ་ཏ་པུ་རི་དགོན་པ་ནི། མངའ་རིས་སྒར་རྫོང་། མོན་འཚེར་ཤང་དུ་ཆགས་ཤིང་། གནས་དེར་ཐོག་མར་རྒྱལ་རྒོད་ཚང་པས་སྔ་ཕྱིར་ལོ་མང་བཞུགས་ནས་རྒོད་ཚང་ཕུག་ཏུ་སྒྲུབ་པ་གནང་ནས་བྱིན་གྱིས་བརླབས། དེ་རྗེས་བྱང་གཏེར་བ་སྒོམ་ཆེན་ཆོས་ཉིད་བཟང་པོས་སྔར་རྒྱལ་བ་རྒོད་ཚང་པ་བཞུགས་མྱོང་བའི་སྒྲུབ་ཕུག་དེར་ཞི་ཁྲོའི་ལྷ་ཁང་ཞིག་བཏབ། གནས་དེར་འབྲུག་པ་བཀའ་བརྒྱུད་དང་འབྲེལ་བ་ཆེ་བའི་རིམ་བཞིན་འབྲུག་པ་བཀའ་བརྒྱུད་ལ་དྭགས་སྟག་ཚང་རིན་པོ་ཆེ་ལ་ཕུལ་ནས་ལ་དྭགས་ཧེ་མི་དགོན་པའི་འཛིན་སྐྱོང་གནང་། དུས་རབས་བཅུ་དགུ་ཙམ་ཧེ་མི་དགོན་པ་དང་འབྲེལ་ཐག་རིམ་གྱིས་ཆད་ནས་འབྲུག་བདེ་ཆེན་ཆོས་འཁོར་ནས་འཛིན་སྐྱོང་གནང་། ཕྱི་ལོ་༡༩༤༡ ལོར་ཧ་སག་ཇག་འཁྱམས་ཀྱིས་གཏོར་ནས་སླར་ཡང་ཕྱི་ལོ་༡༩༤༤ལོར་སྤི་ཏི་བླ་མ་ཡེ་ཤེས་དཔལ་ལྡན་གྱིས་ཉམས་གསོ་གནང་། བར་སྐབས་ཤིག་ནས་གླང་སྣ་རིན་པོ་ཆེས་འཟིན་སྐྱོང་གནང་ནས་ཁོང་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་དང་སླད་ཉམས་ཆགས་འཐུས་ཤོར་མི་ཡོང་བའི་ཆེད་འབྲས་བློ་གླིང་དགོན་ལག་སྤུ་རང་བཤད་འཕེལ་གླིང་གིས་བདག་དམ་མཛད་དགོས་པའི་དམིགས་བསལ་བཀའ་གནང་ཡང་ཆོས་བརྒྱུད་འབྲུག་པ་བཀའ་བརྒྱུད་རང་སོར་གནས། རིག་གནས་གསར་བརྗེའི་སྐབས་རྩ་གཏོར་ཟིན་ནས་ཕྱི་ལོ་༡༩༨༣ ལོར་ཉི་མ་ཆོས་འཕེལ་དང་ཀརྨ་རིག་འཛིན་གཉིས་ནས་དགོན་པ་གསར་པ་བཞེངས་། སླར་ཡང་ཕྱི་ལོ་༡༩༩༡ ལོར་འདུ་ཁང་བསྐྱར་བཞེངས་དང་རྒྱ་བསྐྱེད་གནང་། ཕྱི་ལོ་༢༠༠༢ ལོར་བླ་མ་ཀརྨ་བསོད་ནམས་ཀྱིས་འགན་འཁུར་ནས་བཀའ་འགྱུར་ལྷ་ཁང་དང་དགོན་ཁང་སོགས་གསར་པ་བཞེངས་ནས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཐོང་རྒྱུན་ཕྱག་བཞེས་ཉམས་ལེན་གནངབཞིན་ཡོད་པའི་ལོ་རྒྱུས་མདོར་བསྡུས་སུ།