ནོར་བུ་ཁྱུང་རྫོང་དགོན།

ཀུན་བཟང་བདེ་ཆེན་གླིང་། སྒྲུབ་བརྒྱུད་ཀཾ་ཚང་དགོན་པ་འདི་ནི་ཉི་མ་ལྷ་སའི་བྱང་ཕྱོགས་སྤྱི་ལེ་༤༡༩མཚམས་དང་། ༧རྒྱལ་པའི་དབང་པོ་ཀརྨ་པའི་གདན་ས་མཚུར་མདོ་བོ་ལུང་ནས་བྱང་ཕྱོགས་སྤྱི་ལེ་༣༤༥དང་ནག་ཆུ་གྲོང་ཁྱེར་ནས་སྤྱི་ལེ་༨༤མཚམས་སུ་སྔོན་མ་འབྲི་གུང་སྐྱོབ་པའི་ཆོས་བརྒྱུད་འཛིན་པའི་དགོན་གནས་ཆགས་ཤུལ་ད་ལྟའང་ཡོད་། ཕྱིས་སུ་སོགས་པོ་ཇུན་གར་གྱིས་གཏོར་ཞིག་ཕྱིན་ནས་དུས་ཡུན་རིང་པོར་ས་དེ་སྟོང་པར་བདག་མེད་དུ་ལུས། དེ་རྗེས་དུས་རབས་བཅུ་དགུའི་དུས་མཇུག་ལ་༧རྒྱལ་མཆོག་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཞལ་སློབ་ཀརྨ་ཆོས་འཕེལ་ལ་རྒྱལ་དབང་མཆོག་གིས་སྒྲོལ་དཀར་གྱི་སྐུ་རྟེན་གནང་ནས་དགོན་པ་བཞེངས་རྒྱུའི་བཀའ་ལུང་སྤྱི་བོར་ཕེབས་པ་བཞིན་རབ་བྱུང་ཅོ་ལྔ་པའི་ཤིང་རྟ་ལོ་སྟེ་སྤྱི་ལོ་༡༨༩༤ལོར་ཟླ་ཚེས་དགེ་བའི་ཉིན་ཞིག་དབུ་བརྩམས་ནས་འདུ་ཁང་ཀ་གཉིས་ཅན་དང་གཟིམ་ཆུང་ཀ་གཅིག་ཅན་རུང་ཁང་ཀ་གཅིག་མ་བཅས་བཞེངས་གྲུབ་ནས་དཔལ་ལྡན་སྟག་ལུང་རྩེ་སྤྲུལ་ངག་དབང་དཔལ་ལྡན་མཆོག་གདན་འདྲེན་གྱིས་ཁྲུས་དང་རབ་གནས་ཀྱི་དགོས་རིམ་རྣམས་ལེགས་པར་གྲུབ་ནས་དགོན་པའི་མཚན་ལ་ནོར་བུ་ཁྱུང་རྫོང་ཀུན་བཟང་བདེ་ཆེན་གླིང་ཞེས་གསོལ། སེ་ར་བཅོ་བརྒྱད་ནས་ཉིད་ཀྱི་ཐུགས་དམ་རྟེན་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་འདྲ་སྐུ་སྨན་འདམ་ལས་གྲུབ་པ་ཞལ་ལ་རྡུལ་མི་བཞེས་པ་སོགས་བྱིན་རླབས་མཚུངས་པ་མེད་པ་ཁྲུ་ཚད་གཅིག་གནང་བའི་མཚན་ལ་ཀར་སྐུ་མཐོང་གྲོལ་ཆེན་མོ་ཞེས་སུ་གསོལ་ནས་ཀརྨ་པས་གནང་བའི་སྒྲོལ་དཀར་སྐུ་དང་ལྷན་དུ་དགོན་པའི་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ། དེ་ཡང་བླ་མ་ཀརྨ་ཆོས་འཕེལ་སྐུ་ཚེའི་སྨད་ཙམ་ལ་གདན་ས་མཚུར་ཕུ་ནས་དགོན་པའི་རྡོར་སློབ་ཀརྨ་ཤེས་རབ་འབྱུང་གནས་དང་། ཀརྨ་བརྩོན་འགྲུས་སོགས་རིམ་པར་དགོན་པའི་རྡོར་སློབ་ཏུ་གཏོང་གནང་མཛད་དེ་དགོན་གནས་འདི་ཉིད་ཀྱི་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་མཐུད་སྒོ་ཚང་བར་བཞུགས་སོ། །