གཟེ་རྫོགས་ལྕམ་དགོན།

གཟེ་རྫོགས་ལྕམ་དགོན་ནི། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་དང་།  སྤྱི་ལོ་ ༡༧༩༤ ལོར་ལྷའུ་བསོད་ནམས་དབང་ཕྱུག་གིས་ཕྱག་བཏབ། དམ་པ་འདི་ནི་ཚོགས་གཉིས་ཀྱི་སྐུ་མཆེད་ཡིན།  ལྷའུ་སྐུ་ཕྲེང་གཉིས་པ་ནི་རྟ་རྣ་དགོན་གྱི་བླ་མ་ལྷ་ཚེས་རྗེས་སུ་བཟུང་བས་ཡེལ་པ་བཀའ་བརྒྱུད་ཀྱི་དབང་ལུང་ཁྲིད་གསུམ་དང་།  འདོན་གདངས་དབྱངས་གསུམ་གྱི་ཕྱག་ལེན་ལ་སྦྱངས་ནས་ཡེལ་པ་བཀའ་བརྒྱུད་ཀྱི་རིང་ལུགས་མཛིན་པར་མཛད། དེའི་སྐུ་ཕྲེང་གསུམ་པ་བདུད་འདུལ་རྣམ་རྒྱལ་མཆོག་ནི་ཟླ་བཟང་བསྟན་པ་རབ་རྒྱས་ཀྱིས་ལྷའུ་བླ་མ་བསོད་དབང་གི་ཡང་སྲིད་གསུམ་པར་ངོས་འཛིན་མཛད།  རྟ་རྣའི་བླ་མ་སྤེན་པ་རིགས་བདག་ཏུ་བསྟེན་ཏེ་རྟ་རྣའི་སྒྲུབ་ཁང་དུ་བཞུགས་ཅིང་ཉམས་ལེན་ལ་རྩེ་ཅིག་ཏུ་བརྩོན།  བླ་མ་སྤེན་པ་རིན་པོ་ཆེས་ཁོང་གི་རྒྱལ་ཚབ་ཏུ་མངའ་གསོལ་ཏེ་དབང་ལུང་གི་བརྒྱུད་པ་ཐམས་ཅད་གཏད། བསྟན་པ་ཡང་དར་གྱི་སྐབས་སུ་དགོན་པ་བསྐྱར་བཞེངས་མཛད་པ་དང་རྟ་རྣ་དགོན་ནས་སྒྲུབ་དཔོན་བླ་མ་ཀརྨ་བསམ་གཏན་གདན་ཏེ་སྒྲུབ་གྲྭ་གསར་འཛུགས་དང་དེ་དག་ལ་དབང་ལུང་ཁྲིད་གསུམ་གྱི་གདམས་པ་བསྩལ།  ཞོར་དུ་རྟ་རྣའི་སྒྲུབ་སྡེ་རྣམས་ལ་ཡང་དབང་ཁྲིད་ལུང་གསུམ་གནང་བ་སོགས་ཀྱི་སྒོ་ནས་སློབ་ཚོགས་བསྐྱངས།  ཁྱད་པར་རྟ་རྣ་དགོན་གྱི་བླ་སྤྲུལ་སོགས་འདུས་སྡེ་མང་པོ་ལ་ཡེལ་པ་བཀའ་བརྒྱུད་ཀྱི་ཆོས་བཀའ་ཡོངས་རྫོགས་ཀྱི་དབང་ལུང་ལེགས་པར་གནང་བ་སོགས་སྐུ་ཚེ་དང་མཛད་ཕྲིན་མཐའ་རུ་ཕྱིན།  དེང་དུས་སུ་ཡང་སྤྲུལ་སྐུ་བསྟན་འཛིན་རྣམ་རྒྱལ་དང་། སྒྲུབ་དཔོན་བླ་མ་ཀརྨ་བསམ་གཏན་རྣམ་གཉིས་ཀྱིས་གཙོས་དགེ་འདུན་འདུས་མང་ཡོངས་ནས་བསྟན་པའི་བྱ་བ་ཆེ་བཞེས་སུ་མཛད་ཅིང་བཞུགས་པའོ།།   གནས་ཡུལ་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ལྕི་ཆུ་གཟེ་སྟོད་གྲོང་གི་ས་ཆར་ཡོད།